སྟོང་སྐྱབས་དགོན་པར་དམ་བསྒྲགས།
རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་མགོ་ལོག་སྟོང་སྐྱབས་དགོན་པའི་ཕྱོགས་ཡོངས་ནས་བཀག་སྡོམ་དམ་བསྒྲགས་བྱེད་འགོ་བརྩམས་འདུག
-
2013-03-20 -
-
-
༄༅། །དེའང་ཕྱི་ཟླ་ ༣ པའི་ཚེས་ ༡༥ ཉིན་དགའ་བདེ་རྫོང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་སྟོང་སྐྱབས་དགོན་པའི་ནང་ཡོང་སྟེ། གྲྭ་ཁྲི་བཙན་གྱིས་བརྩམས་པའི་དེབ་དེར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་གྲྭ་པ་རྣམས་རྩིས་སྤྲོད་དགོས་ལུགས་ཀྱི་བཙན་བཀའ་བཏང་ཡོད་འདུག དགོན་པའི་གྲྭ་བཙུན་རྣམས་ཀྱིས་ངོས་ལེན་བྱས་མེད་སྟབས། ཕྱི་ཚེས་ ༡༧ ཉིན་དགའ་བདེ་རྫོང་གི་བདེ་སྲུང་མི་སྣ་དང་ལས་བྱེད་སོགས་མི་བརྒྱ་མ་ཟིན་ཙམ་དགོན་པའི་ནང་སླེབས་ཏེ། ཁོ་ཚོ་དགོན་པ་གཞུང་གི་མགྲོན་ཁང་ནང་སྡོད་འཇུག་དགོས་པ་དང་། དགོན་པའི་འདུ་ཁང་ནང་ཚོགས་འདུ་འཚོགས་འཇུག་དགོས་སྐོར་བརྗོད་ཡོད་ཀྱང་། དགོན་པའི་ངོས་ནས་འདུ་ཁང་ནང་ཚོགས་འདུ་བསྐོང་རྒྱུ་དང་། དགོན་པའི་མགྲོན་ཁང་ནང་རྒྱ་གཞུང་གི་ལས་བྱེད་རུ་ཁག་སྡོད་འཇུག་རྒྱུ་ངོས་ལེན་བྱས་མེད་སྟབས། རྒྱ་གཞུང་གིས་དགོན་པའི་མཐའ་སྐོར་ནང་ལས་བྱེད་རུ་ཁག་སྡོད་སའི་སྡོད་གུར་མང་པོ་བརྒྱབས་པ་དང་། དགོན་པའི་འདུ་ཁང་གི་སྒོ་ཁར་དྲིལ་བསྒྲགས་སློབ་གསོའི་འཕྲད་དར་འཕྱར་ཞིང་། འདུ་ཁང་གི་མདུན་གྱི་འཁྱམ་རའི་ཐང་དུ་གྲྭ་བ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཚོགས་འདུ་བསྐོངས་ཏེ། དགོན་པར་ཕྱོགས་ཡོངས་ནས་བཀག་སྡོམ་དམ་བསྒྲགས་བྱེད་འགོ་བརྩམས་ཡོད་འདུག།