རྒྱ་གཞུང་གི་དམ་བསྒྲགས་འོག་ཆོས་ཕྱོགས་ཀྱི་མཛད་སྒོ་གནང་དགོས་བྱུང་།

ལོ་གསར་ཚེས་༢ཉིན་གནས་ཆུང་ལྷ་བསྡུར་ཞེས་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྲོལ་རྒྱུན་ལྟར་ཚོགས་སྐབས་རྒྱ་མིའི་དྲག་ཆས་དམག་མིས་མཐའ་བསྐོར་ནས་དམ་བསྒྲགས་འོག་མཛད་སྒོ་དེ་སྤེལ་དགོས་བྱུང་འདུག

ཆོས་ཕྱོགས་ཀྱི་མཛད་སྒོར་རྒྱ་དམག་བཀྲམས་ནས་དམ་བསྒྲགས་བྱེད་བཞིན་པ། བོད་ནས་བཏང་འབྱོར།

༄༅།    །དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་བྱུང་བ་ལྟར་ན།    བོད་ཀྱི་ལོ་གསར་ཚེས་༢ཉིན་གདན་ས་འབྲས་སྤུངས་སུ་གནས་ཆུང་ལྷ་བསྡུར་ཞེས་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཚོགས་སྐབས་དགོན་པ་ཡོངས་སུ་ཉེན་རྟོག་དམག་མི་ཧ་ཅང་མང་པོ་བཀྲམས་ཡོད་པ་དང་།    དེ་ཉིན་གང་སར་མཐོང་ཐུབ་པ་ནི་རྒྱ་གཞུང་གིས་ཆེད་མངགས་བཙུགས་པའི་ལས་དོན་རུ་ཁག་གི་མི་སྣ་དང་། མེ་གསོད་རུ་ཁག བཅའ་སྡོད་ལས་བྱེད་དང་དམག་མི་སོགས་དགོན་པའི་སྟེང་འོག་གང་སར་འགྲེམས་འཇོག་བྱས་ཡོད་པ་རེད།    དགེ་འདུན་པ་དང་།    ཆོས་མཇལ་མི་མང་ལ་རང་དབང་མེད་ཁར་དམ་བསྒྲགས་དང་ཞེད་སྣང་གི་འོག་མཛད་སྒོ་དེ་དག་སྤེལ་དགོས་བྱུང་ཡོད་པ་རེད།
གནས་ཆུང་ལྷ་བསྡུར་ཞེས་པ་ལོ་གསར་ཚེས་པ་༢ཉིན་ཞོགས་པ་ཆུ་ཚོད་༨པ་ནས་གནས་ཆུང་གི་ཆོ་གའི་སྒོ་ནས་འཕྲིན་བསྐུལ་སོགས་དགེ་འདུན་པ་ཚོས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གནང་ཡོད་པ་དང་དེ་གར་མི་མང་ཁྱོན་ཆེ་སྔ་དྲོའི་ཆུ་ཚོད་༥པ་ཙམ་ནས་ཆོས་མཇལ་ཞུ་བར་བཅར་ཡོད་པ་རེད།    དགོན་པའི་བདེ་འཇགས་སོགས་ལ་ཁ་གཡར་ནས་དགོན་པའི་ནང་གྲྭ་བ་ལས་ཉེན་རྟོག་པ་དང་དམག་མི་མང་བ་ཡོད་པའི་གནས་ཚུལ་དང་།    ༢༠༠༨ ལོ་ནས་བཟུང་གདན་ས་ཁག་ཏུ་དམ་བསྒྲགས་ཤུགས་ཆེ་བའི་རྐྱེན་ཀྱིས་ཨ་མདོ་དང་། ཁམས་ཕྱོགས་ཀྱི་གྲྭ་རྒྱུན་རྣམས་ཕྱིར་ཕུད་བཏང་བ་དང། རང་སྐྱོངས་ལྗོངས་ཀྱི་དགེ་འདུན་པ་ཡང་ཇེ་ཉུང་ལ་ཕྱིན་པར་བརྟེན་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་སོགས་ལ་འཐུས་ཤོར་ཏུ་ཕྱིན་ཡོད་པ་དང་། ད་ལྟའི་དགེ་འདུན་པ་ཚོས་སྔར་བཞིན་ཆོས་ཀྱི་བསླབ་པ་སློབ་གཉེར་ལ་འཇུག་རྒྱུར་སེམས་ལ་རང་བཞིན་གྱི་དཀའ་ངལ་ཡོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org