དགེ་སློབ་ཚོར་མུ་མཐུད་དམ་བསྒྲགས།

བོད་ཡིག་སློབ་ཚན་རྣམས་རྒྱ་ཡིག་ཏུ་འགྱུར་རྒྱུའི་སྲིད་ཇུས་ལ་བོད་ཀྱི་མདོ་སྨད་ཁུལ་གྱི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྐྱེན་གྱིས་ད་དུང་ཡང་བོད་སྨད་ཨ་མདོའི་ཁུལ་དུ་སློབ་མ་དང་དགེ་རྒན་གྱི་ཐོག་ལ་སྔར་བས་དམ་བསྒྲགས་ཆེ་རུ་གཏོང་བཞིན་འདུག

༄༅།    །འདས་མ་ཐག་པའི་༢༠༡༢ ལོ་དང་༢༠༡༣ ལོ་གསར་པ་དེའི་ནང་ཨ་མདོའི་ས་ཁུལ་མང་པོ་ཞིག་ནས་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་བོད་མིིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་དང༌། ལྷག་པར་དུ་བོད་མི་རིགས་དང་དེའི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་འཛིན་ཏེ།    བོད་པའི་སློབ་གྲྭ་ཁག་ནང་རྒྱ་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱ་དགོས་པའི་སྲིད་ཇུས་སོགས་ལ་ཞི་བའི་ངོ་རྒོལ་བྱས་པ་དང༌། ལྷག་དོན་བོད་ནང་རྒྱ་ནག་གཞུང་གིས་སྐད་ཡིག་གཉིས་ཀྱི་སློབ་གསོའི་སྲིད་ཇུས་ལ་བོད་མདོ་སྨད་ཁུལ་གྱི་སློབ་མ་དང་དགེ་རྒན་སྟོང་ཕྲག་མང་པོས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་པར་བརྟེན། ད་ལྟ་ཡང་རྒྱ་ནག་གཞུང་གིས་ཨ་མདོའི་ཁུལ་གྱི་སློབ་མ་ཚོའི་ཐོག་ལ་དམ་དྲག་ཆེན་པོ་བྱས་ཏེ། འདི་ལོ་ཨ་མདོ་ཁུལ་གྱི་སློབ་གྲྭ་ཁག་གི་དགུང་སེང་སྔར་དང་མི་འདྲ་བ་ཕྱི་པོ་བཏང་བས་མ་ཟད། དགུང་སེང་གཏོང་ཁར་སློབ་མའི་ཁྱིམ་བདག་དང་དགེ་རྒན་གྱིས་སློབ་མ་དོ་བདག་ཁྲིད་དེ།    ས་གནས་སྤྱི་བདེ་ལས་ཁུངས་སུ་བསྐྱོད་ནས་དགུང་སེང་རིང་སྤྱི་ཚོགས་ཐོག་ལ་ཆབ་སྲིད་ཀྱི་གནས་ཚུལ་མི་ལྷག་པའི་ཆེད་དུ་འགན་ལེན་གྱི་ས་ཡིག་རྒྱབ་དགོས་ཀྱི་ཡོད་པ་རེད། ཁྱིམ་བདག་དང་དགེ་རྒན་གྱི་འགན་ལེན་མ་བྱས་ན།    ཕྱི་ལོག་ཏུ་མི་གཏོང་བ་དང༌། གལ་ཏེ་དགུང་སེང་དུ་བཏང་བ་ཡིན་ནའང་།    དགུང་སེང་རིང་ལ་སློབ་མ་གཉིས་ལས་བརྒལ་བ་འདུ་འཛོམས་བྱེད་མི་ཆོག་པ་ནང་མི་དང་ཡུལ་མི་འགན་ལེན་བྱ་དགོས་པ་དང༌། དགུང་སེང་གི་ཞོར་དུ་སློབ་ཁྲིད་བྱ་མི་ཆོག་པ་སོགས་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org