ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༩ ཉིན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར་། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་ཀྱི་ཡོད།

RFA

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༩ ཉིན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར་། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་ཀྱི་ཡོད།

ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྲོས་ཚོགས་ནས་བཀའ་འཁྲོལ་གནང་བའི་མ་དངུལ་མཁོ་སྤྲོད་མ་བྱས་པར་བརྟེན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་ཧ་ཅང་ཉུང་དུ་གཏོང་དགོས་བྱུང་ཡོད་པ་ལྟར། བདུན་ཕྲག་སྔོན་མར་ལའོ་སིའི་སྐད་ཡིག་སྡེ་ཚན་གྱིས་གནས་ཚུལ་འདོན་སྤེལ་དང་རྒྱང་བསྒྲགས་ཞུ་མཚམས་བཞག་ཟིན་པ་རེད།། དེ་ལྟར། གསར་འགྱུར་རང་དབང་མེད་པའི་རྒྱལ་ཁབ་བམ་ས་ཁུལ་ནང་ཡིད་ཆེས་འཕེར་བའི་གསར་འགྱུར་འབྱུང་ཁུངས་སུ་རེ་ལྟོས་བྱ་ཡུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་དགུའི་ནང་ནས་བཞི་ཡི་ལས་དོན་མཚམས་འཇོག་བྱེད་ཀྱི་ཡོད། གལ་སྲིད་མ་དངུལ་སླར་གསོ་མ་བྱུང་ན། སྐད་ཡིག་སྡེ་ཚན་གཞན་རྣམས་ཀྱང་མི་རིང་བར་མཚམས་འཇོག་བྱ་རྒྱུ་ཡིན།

འདས་པའི་ལོ་ངོ་ ༣༠ ཙམ་རིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི། བོད་ཕྱི་ནང་གི་བོད་མི་རྣམས་ལ་རང་དབང་ལྡན་པའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་གསར་ཁང་གལ་ཆེན་ཞིག་ཆགས་ཡོད་ལ། གསར་ཁང་གི་གསར་འགོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་འོག་གི་དྲང་བདེན་མིན་པའི་གནས་ཚུལ་དང་། རྒྱ་ནག་གི་དྲིལ་བསྒྲགས་འཁྱོག་བཤད་ཐེར་འདོན་གྱིས། བཙན་གནོན་དང་བཀག་སྡོམ་འོག་གི་མི་མང་ས་ཡ་མང་པོའི་སྲོག་རྟེན་དུ་གྱུར་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གིས་ཉན་འདོད་མེད་པའི་གནས་ཚུལ། དཔེར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལས་དོན་སྐོར་གནས་ཚུལ་མཁོ་འགྲེམས་ཞུས་ཡོད་པ་མ་ཟད། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རམ་འདེགས་ཞུས་ཡོད། ལས་དོན་དེ་དག་ནི་གནས་ཚུལ་ལ་བཀག་སྡོམ་ཡོད་པའི་ས་ཁུལ་ནང་ང་ཚོའི་རྒྱང་སྲིང་ལ་ལྟ་ཉན་བྱེད་མཁན་ཚོའི་སྙིང་སྟོབས་ཆེ་བའི་རྒྱབ་སྐྱོར་ལ་བརྟེན་ནས་ལམ་ལྷོངས་བྱུང་བ་ཞིག་རེད།

ང་ཚོ་མཉམ་རུབ་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད་ལ། མཉམ་སྦྲེལ་གྱིས་དྲང་བདེན་མིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད། དེ་བཞིན་ང་ཚོས་མཉམ་དུ་འཛམ་གླིང་ནང་གི་ཆེས་དམ་དྲག་དང་རྙོག་རྫིང་ཆེ་བའི་ས་ཁུལ་གྱི་འགྱུར་ལྡོག་གི་རླབས་ཀྱང་མཐོང་ཡོད།

དུས་སྐབས་འདི་ནི་བློ་ཕམ་ཆེ་བའི་དུས་ཤིག་ཡིན་ནའང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རང་གི་ལས་དོན་དང་དམིགས་ཡུལ་བསྒྲུབ་རྒྱུའི་དམ་བཅའ་བརྟན་བཟུང་གིས། ང་ཚོའི་སྒྲིག་འཛུགས་སྲུང་སྐྱོབ་ཆེད་གང་ཐུབ་ཅི་ཐུབ་བྱ་རྒྱུ་ཡིན།  ང་ཚོས་འདི་ནི་མཐའ་མཇུག་མིན་པར། གནས་སྐབས་ཀྱི་མཚམས་འཇོག་ཙམ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་ལ།  མ་དངུལ་སླར་གསོ་འབྱུང་སྐབས་ང་ཚོའི་སྐད་ཡིག་སྡེ་ཚན་ཁག་གི་སྐད་སྒྲ་ཡང་སྐྱར་གོ་ཐུབ་པའི་ཉིན་མོ་ཞིག་ཡོང་བའི་རེ་བ་འཆང་བཞིན་ཡོད། ད་བར་གྱི་རྣམ་པ་ཚོས་རྒྱབ་སྐྱོར་དང་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞུ། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org