ཨ་རི་དང་རྒྱ་གར་དབར་རྡུལ་ཕྲན་འཕྲུལ་རིགས་མཉམ་ལས་སྐོར།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་གར་གྱི་དབུ་འཁྲིད་དབར་རྡུལ་ཕྲན་འཕྲུལ་རིགས་མཉམ་ལས་བྱ་རྒྱུའི་སྐོར་བཀའ་བསྡུར་གནང་ཡོད་པ་རེད་

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེསི་མཆོག་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གྱིས་ཨ་མི་རི་ཀ་དང་རྒྱ་གར་དབང་རྡུལ་ཕྲན་འཕྲུལ་རིགས་མཉམ་ལས་བྱ་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་ཆིངས་དོན་ལག་བསྟར་བྱ་ཕྱོགས་ཐད་རྒྱ་གར་གྱི་དབུ་འཁྲིད་རྣམས་དང་བཀའ་བསྡུར་གནང་ཡོད་པ་རེད་

འོན་ཀྱང་ཨ་མི་རི་ཀའི་གཞུང་ཕྱོགས་ནས་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་འགའ་ཤས་དུས་ཐོག་མ་གྲུབ་པའི་རྐྱེན་གྱིས་ཆིངས་དོན་དེ་ལག་བསྟར་བྱ་རྒྱུའི་གྲོས་མཐུན་གྱི་ཡིག་ཆར་མཚན་རྟགས་སྐྱོན་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ལྕམ་ཀོན་ཌོ་ལི་ཛ་རའེསི་མཆོག་གིས་ཨ་རིའི་གྲོས་ཚོགས་ནས་ཨ་མི་རི་ཀ་དང་རྒྱ་གར་དབར་གྱི་ཆིངས་དོན་དེར་རྒྱབ་སྐྱོར་ཐོབ་ཐབས་ཐད་ཐུགས་འགན་ཆེན་པོ་བཞེས་ཡོད་པ་དང་གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་དང་གཟའ་འཁོར་འདིའི་ནང་ཨ་རིའི་གྲོས་ཚོགས་གོང་མས་ཆིངས་དོན་དེར་མང་མོས་རྒྱབསྐྱོར་ཞུས་ཡོད་པ་རེད

ཕྱི་ལོ་༡༩༧༤ལོར་རྒྱ་གར་གྱི་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་བྱས་པ་ནས་བཟུང་ཨ་མི་རི་ཀའི་གཞུང་གིས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་མི་ཆོག་པའི་དམ་བསྒྲགས་བཀལ་ཡོད་པ་དང་དུས་མཚུངས་འཛམ་གླིང་ཡུལ་གྲུ་མང་ཆེ་བས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་རྩ་བ་ནས་བྱས་མེད་པ་རེད་ ད་ཆ་ཨ་མི་རི་ཀའི་གཞུང་གིས་རྒྱ་གར་ཐོག་བཀལ་བའི་དམ་བསྒྲགས་དེ་དག་ཕྱིར་བསྡུ་གནང་པ་དེས་གཙོ་བོ་འཛམ་གླིང་གི་མང་གཙོའི་ཡུལ་གྲུ་སྟོབས་ཆེ་ཤོས་ཨ་མི་རི་ཀ་དང་མི་འབོར་མང་ཤོས་ཀྱི་མང་གཙོའི་ཡུལ་གྲུ་རྒྱ་གར་དབར་གྱི་འབྲེལ་ལམ་བཟངདུ་འགོ་བཞིན་པ་མཚོན་ཐུབ་རྒྱུ་མ་ཟད་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་གར་ལ་ཧ་ཅང་ཁོ་བའི་གློག་གི་ནུས་ཤུགས་འཕེལ་རྒྱས་གཏང་རྒྱུར་ཡང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org