ལི་བི་ཡའི་ནང་མང་ཚོགས་ཀྱི་ཞི་རྒོལ་ཐོག་དྲག་གནོན་བྱས་འདུག

ལི་བི་ཡ་ཡུལ་ནང་མི་མང་ཐོག་དྲག་གནོན་བྱས་ནས་མི་གྲངས་བརྒྱད་བཅུ་ལྷག་ཙམ་རྐྱེན་འདས་སུ་བཏང་ཡོད་འདུག

༄༅༎ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཞེས་པའི་ཚོགས་པས་གཟའ་སྤེན་པའི་ཉིན་གསུངས་བར་གཞིགས་ན་  འདས་པའི་ཉིན་གྲངས་གསུམ་རིང་ལི་བི་ཡ་ཡུལ་ནང་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་བྱས་ནས་ཡུལ་གྱི་བདེ་འཇགས་སྲུང་སྐྱོབས་དམག་དཔུང་གིས་ངོ་རྒོལ་བྱེད་མཁན་མི་མང་ཐོག་དྲག་གནོན་བྱས་ནས་མི་གྲངས་བརྒྱད་བཅུ་ལྷག་ཙམ་རྐྱེན་འདས་སུ་བཏང་ཡོད་འདུག

དེ་བཞིན་ཡུལ་དེའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་སྦེན་ག་ཛི་ནང་གཟའ་པ་སངས་ཉིན་ངོ་རྒོལ་བ་དང་བདེ་འཇགས་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་ནས་ངོ་རྒོལ་བ་མི་གྲངས་༣༥ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ ལི་བི་ཡའི་གཞུང་གཉེར་རླུང་འཕྲིན་ཐོག་ནས་ཡུལ་དེའི་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མཁན་ཚོར་རྡུང་རྡེག་གཏོང་རྒྱུའི་ཉེན་རྡ་བཏང་ཡོད་ཅིང་ གནས་ཚུལ་ཁག་ནང་འཁོད་པར་ལྟར་ན་ ཡུལ་དེའི་ནང་དྲ་རྒྱ་བེད་སྤྱོད་བྱ་རྒྱུ་བཀག་སྡོམ་བྱས་ཟིན་པ་དང་ ས་གནས་ཁག་ཅིག་ནང་གློག་བཅད་པ་དང་ གནམ་ཐང་ཁག་ཅིག་ཡང་ངོ་རྒོལ་བ་ཚོས་འཛིན་ནས་ད་ལྟའི་ཆར་སྒོ་བརྒྱབ་པའི་གནས་སྟངས་འོག་ཡོད་འདུག སྦི་སྦི་སིའི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་ ངོ་དེབ་(Facebook)དང་ ཨེལ་ཇ་ཛི་ར་བརྙན་འཕྲིན་བརྒྱུད་ལམ་གཉིས་དམ་བསྒྲགས་བྱ་རྒྱུ་ནས་ཕྱིར་ཐེན་བྱས་ཡོད་ལུགས་འཁོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org