རྒྱ་གར་ནས་བོད་ལ་ལོག་མཁན་བོད་མི་མང་པོ་འཛིན་བཟུང་།
དུས་འཁོར་དབང་ཆེན་ཞུས་ནས་བོད་ལ་ཕྱིར་ལོག་མཁན་བོད་མི་མང་པོ་དོ་དམ་དང་བསུན་བརྩིར་བཟོ་བཞིན་འདུག
-
2012-02-18 -
-
-
༄༅༎རྒྱ་ནག་གཞུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་ནས་རྒྱ་གར་ནས་བོད་ལ་ཕྱིར་ལོག་མཁན་བོད་མི་མང་པོ་འཛིན་བཟུང་དོ་དམ་དང་བསུན་བརྩེར་བཟོ་བཞིན་ཡོད་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་ནས་གནས་ཚུལ་སྤེལ་བ་དང་། དེ་བཞིན་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་ངོ་སྤྲོད་བྱེད་པར་ལྟར་ན། ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མཁན་བོད་མི་ཚོ་ཕྱིར་བོད་ལ་འགྲོ་བའི་སྐབས་ཁག་ཅིག་ལམ་ཞོར་དང་། འགའ་ཤས་ས་མཚམས་བཅས་ནས་འཛིན་བཟུང་དོ་དམ་བྱས་པ་དང་། མང་པོ་ཞིག་མདོ་སྟོད་སྨད་ས་ཁུལ་གང་ནས་ཡིན་ནའང་ས་གནས་སུ་ཐད་ཀར་ཕྱིར་ལོག་བྱེད་བཅུག་པ་མ་གཏོགས་སོ་སོའི་ནང་ཁྱིམ་ལྷ་སར་ཡོད་པ་ཚོ་ཡང་ལྷ་སར་འགྲོ་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་འདུག
ཡང་གོང་ཞུས་གནས་ཚུལ་ནང་བཀོད་པར་ལྟར་ན། ད་ལྟའི་ཆར་འཛིན་བཟུང་དོ་དམ་བྱེད་པའི་གྲངས་ཚད་གསལ་ཁ་མེད་ཀྱང་ཚོད་རྩིས་བྱེད་ན་མི་བརྒྱ་ཕྲག་མང་པོ་དོ་དམ་བྱེད་ཡོད་ཚོད་མ་ཟད་ཁོང་ཚོ་ཉིན་གྲངས་ཉི་ཤུ་ནས་ཟླ་བ་གསུམ་ཙམ་རིང་བཀག་ཉར་བྱེད་སྲིད་པ་རེད་ཅེས་བཀོད་འདུག།