རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ད་དུང་ནང་མིར་ཐུག་འཕྲད་བྱེད་བཅུག་མེད་འདུག
ཁོང་གིས་བཙོན་ཁང་གི་འབྲེལ་ཡོད་ཅིག་བརྒྱུད་ནས་ནང་མི་ཚོར་ཁོང་བདེ་ཐང་ཡིན་པ་དང་། ནང་མི་ཚོས་འདྲ་པར་རེ་བསྐུར་ཐབས་ཡོང་བའི་སྐད་བསྐུར་དང་། རྗེས་ཕྱོགས་ཟླ་བ་རེའི་ནང་ཁྱིམ་མི་ཚོར་སྐར་མ་བཅུ་རིང་ཁ་པར་གཏོང་བཅུག་རྒྱུའི་ཆོག་མཆན་སྤྲད་ཡོད་སྐོར་བཤད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
- 2022-06-07
-
-
-
Your browser doesn’t support HTML5 audio
རྔ་བ་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་བཙོན་མཇུག་ཁྲིམས་ཐག་བཅད་ནས་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁོང་གི་ནང་མིར་ཐུག་འཕྲད་བྱེད་བཅུག་གི་མེད་པ་དང་། འབྲེལ་ཡོད་བརྒྱུད་ཁོང་གི་འཕྲོད་བསྟེན་གནས་བབ་བདེ་ཐང་ཡིན་པ་ཞིག་གོ་ཐོས་བྱུང་ཡོད་ཀྱང་། ཁོང་ངལ་སྩོལ་ལས་རིགས་ག་རེ་ཆེད་བཀོལ་བཞིན་ཡོད་དང་ནང་མི་ཚོར་འབྲེལ་ཡོད་ཚོས་ཐུག་འཕྲད་ཀྱི་གོ་སྐབས་དང་ཆོག་མཆན་གང་ཡང་སྤྲོད་ཀྱི་མེད་པ། བོད་ནང་དང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་ཁོང་གི་སྐོར་ནས་ཅུང་ཙམ་རེ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་དང་། ཁོང་གིས་བཙོན་ཁང་གི་འབྲེལ་ཡོད་ཅིག་བརྒྱུད་ནས་ནང་མི་ཚོར་ཁོང་བདེ་ཐང་ཡིན་པ་དང་། ནང་མི་ཚོས་འདྲ་པར་རེ་བསྐུར་ཐབས་ཡོང་བའི་སྐད་བསྐུར་དང་། རྗེས་ཕྱོགས་ཟླ་བ་རེའི་ནང་ཁྱིམ་མི་ཚོར་སྐར་མ་བཅུ་རིང་ཁ་པར་གཏོང་བཅུག་རྒྱུའི་ཆོག་མཆན་སྤྲད་ཡོད་སྐོར་བཤད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་གི་ཉེས་མིང་གཡོག་སྟེ། འཛིན་བཟུང་གིས་ལོ་གཉིས་ཙམ་རིང་ངེས་དུ་བཀག་ཉར་བྱས་རྗེས་ཕྱི་ལོ་༢༠༢༡ལོའི་ཟླ་༣ཚེས་༢༦ཉིན་ཁོང་ལ་ལོ་བཞི་དང་ཟླ་དྲུག་གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། ཡང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ཁོང་གི་ནང་མི་ཚོས་ཐེངས་ཁ་ཤས་ལ་འབྲེལ་ཡོད་ཚོར། རིན་ཆེན་ཚུལ་ཁྲིམས་དང་ཐུག་འཕྲད་ཆེད་ཆོག་མཆན་མང་པོ་ཞུས་ཀྱང་། དངོས་སུ་ཐུག་འཕྲད་རིགས་རྩ་ནས་བྱེད་བཅུག་གི་མེད་པ་མ་ཟད་ཅ་དངོས་མཁོ་སྤྲོད་སོགས་བྱེད་བཅུག་མེད་པ་བརྗོད་བྱུང་།
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་༣༠་ཡིན་པ་དང་ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ། སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག། ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་༦༩་ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ་༥༨་ཡིན་འདུག་ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་༥་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།