བལ་ཡུལ་དུ་གསུམ་བཅུའི་དུས་དྲན་བྱེད་སྒོར་བཀག་འགོག།
བལ་ཡུལ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་བཀག་འགོག་དང་འབྲེལ་ངོ་རྒོལ་བ་ཁག་ཅིག་འཛིན་བཟུང་།
-
2011-03-11 -
-
-
༄༅༎ཁ་ས་བོད་མི་ཚོས་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་གྲུའི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩིའི་སྐབས་སུ་བལ་ཡུལ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་དུས་དྲན་སྲུང་བརྩི་ཞུ་རྒྱུར་བཀག་འགོག་དང་འབྲེལ་ངོ་རྒོལ་གནང་མཁན་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག་
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ ཁ་ས་གྲྭ་བཙུན་དང་སློབ་གྲྭའི་སློབ་ཕྲུག་གི་གཙོས་བོད་མི་མང་པོ་ཞིག་གིས་རྒྱལ་ས་ཀ་ཏ་མན་གྲུའི་ནང་ཆོས་རྟེན་གྱི་མདུན་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༢་པ་དེ་སྲུང་བརྩིའི་ཞུ་སྐབས་བལ་ཡུལ་གཞུངགི་ཉེན་རྟོག་པས་བོད་མིའི་འདུ་འཛོམས་བཀག་སྡོམ་གྱི་ཆེད་བོད་མི་ངོ་རྒོལ་གནང་མཁན་ཚོར་དབྱུགས་པ་བཞུས་ཏེ་ཁ་གཏོར་བཏང་བ་དང་ཡང་བོད་མི་ཁག་ཅིག་འཛིན་བཟུང་ཡང་བྱས་ཡོད་འདུག་
བལ་ཡུལ་གཞུང་གི་ཉེན་རྟོག་སྐོར་སྲུང་གི་སྤྱི་ཁྱབ་པུཤི་ཀར་ཀར་ཀི་ཟེར་བས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་ཉེན་རྟོག་པས་བོད་མི་དགུ་འཛིན་བཟུང་བྱས་ཡོད་པ་དང་ དེའི་ནང་བོད་མི་ལྔ་རྒྱ་ནག་གཞུང་ཚབ་མདུན་ནས་འཛིན་བཟུང་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་
རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་བལ་ཡུལ་གཞུང་གིས་བོད་མིར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་ དེ་ལྟར་ཡང་བོད་མི་ཚོས་བོད་ནང་ཡོད་པའི་བོད་རིགས་མང་ཚོགས་ཀྱི་ལྷན་སྐྱིད་སྡུག་མཉམ་མྱོང་གིས་ལས་འགུལ་གང་ཐུབ་སྤེལ་བཞིན་ཡོད་པ་རེད་