རིགས་བདག་ཆེན་མོར་བསྐོ་བཞག
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཙུག་ལག་སློབ་ཁང་ཞིག་གི་རིགས་བདག་ཆེན་མོར་བསྐོ་གཞག་བྱུང་འདུག
-
2013-05-08 -
-
-
༄༅། །བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སཱན་ཅི་ནང་པ་དང་རྒྱ་གར་རིག་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཆེན་མོར་(Chancellor) བསྐོ་གཞག་བྱུང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ནས་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་འདུག དེ་ཡང་རྒྱ་གར་གྱི་མདྱཱ་པར་དེཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སཱན་ཅི་ནང་པ་དང་རྒྱ་གར་རིག་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གིས་ ཕྱི་ཟླ་ ༤ ཚེས་ ༢༥ ཉིན་གསལ་བསྒྲགས་སྤེལ་བའི་ནང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་སཱན་ཅི་ནང་པ་དང་རྒྱ་གར་རིག་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཆེན་མོར་(Chancellor) བསྐོ་གཞག་གནང་ཡོད་སྐོར་གསུངས་འདུག དེར་བརྟེན་བཀའ་ཤག་གིས་རིན་པོ་ཆེ་མཆོག་ལ་དགའ་བསུའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ། གནས་ཚུལ་དེ་ནི་སྐུ་ཉིད་ལ་ཆེ་བཀུར་ཞུས་པ་ཙམ་མ་ཟད། བོད་ཀྱི་མཁས་པ་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་ཁྱད་ནོར་ལ་ཚད་མཐོའི་ངོས་འཛིན་ཐོབ་པའི་གནས་ཚུལ་ཞིག་ཀྱང་ཡིན་པར་བརྟེན། རིགས་བདག་ཆེན་མོའི་མཚན་གནས་རྗེས་འབྲེལ་གྱི་མཛད་དོན་མཐའ་དག་བགེགས་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།