༸གོང་ས་མཆོག་ཨ་མི་རི་ཀར་ཆིབས་བསྒྱུར་སྐོར།

༸གོང་ས་མཆོག་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བཞི་རེས་གཟའ་པ་སངས་ནས་ཕྱི་ཟླ་ལྔ་པའི་ཚེས་དགུ་བར་ཨ་མི་རི་ཀའི་ནང་གི་ཆིབས་བསྒྱུར་སྐོར།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བཞི་རེས་གཟའ་པ་སངས་ནས་ཕྱི་ཟླ་ལྔ་པའི་ཚེས་དགུ་བར་འདི་ག་ཨ་མི་རི་ཀར་ཆིབས་བསྒྱུར་རིང་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཊ་སྦར་སྦ་ར་དང་ལཱོ་སེ་ཨེན་ཇེ་ལེསི།སྦོ་སི་ཊོན།ནིའུ་ཡོག།བཅས་ནང་མཛད་འཕྲིན་བསྐྱང་གནང་རྒྱུ་ཡིན་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འདི་ག་ཨ་མི་རི་ཀའི་ནང་གི་མཛད་འཆར་གཙོ་བོ་ནི་རྒྱ་མི་རིགས་ཆེད་ལས་མཁས་པ་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་སྤེལ་མཁན།དེ་བཞིན་མི་དམངས་ལ་བཟང་སྤྱོད་སྐོར་དང་བྱམས་དང་སྙིང་རྗེ་སོགས་ནང་ཆོས་བཀའ་སློབ་གནང་རྒྱུ་ཡིན་ཞིང་ཐོག་མར་ཕྱི་ཚེས་ཉི་ཤུ་བཞི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་སེན་ཊ་སྦར་སྦ་ར་དང་ལཱོ་སེ་ཨེན་ཇེ་ལེསི་ནང་ཆིབས་བསྒྱུར་གྱི་མཛད་འཆར་ནང་གསར་འགོད་པ་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་ཁག་ཅིག་དང་ཐུགས་འཕྲད་གནང་རྒྱུ་མ་ཟད་དེ་ཉིན་སེན་ཊ་སྦར་སྦ་ར་གཙུག་ལག་སློབ་གྲྭ་དང་ཀེ་ལི་ཕོ་ནི་ཡ་གཙུག་ལག་སློབ་གྲྭའི་ནང་གསུང་བཤད་གནང་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་ཉི་ཤུ་དགུ་ཉིན་མཱེ་ས་ཆུ་སེཏ་སི་འཕྲུལ་རིག་སློབ་གཉེར་ཁང་དུ་སློབ་ཕྲུག་ཚོར་གསུང་བཤད་གནང་རྒྱུ་དང་སློབ་ཕྲུག་ཚོའི་ངོས་ནས་བཀའ་འདྲི་ཞུ་རྒྱུ་དང་དེར་བཀའ་ལན་གནང་རྒྱུ།དེ་རྗེས་ཕྱི་ཚེས་སུམ་ཅུ་ཉིན་ཧའར་ལྦ་ཌེ་གཙུག་ལག་སློབ་གྲྭའི་ནང་བཟང་སྤྱོད་ཀྱི་ལྟེ་གནས་ཞེས་པ་དབུ་འབྱེད་གནང་སྟེ་དེར་འཛོམས་པའི་མི་དམངས་ལ་བཟང་སྤྱོད་སྐོར་ལ་བཀའ་སློབ་གནང་རྒྱུ།ཕྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་ཧའར་ལྦ་ཌེ་གཙུག་ལག་སློབ་གྲྭའི་སྨན་གྱི་ཚན་པས་གོ་སྒྲིག་གནང་བའི་བྱམས་དང་སེམས་ཁམས་རིག་པའི་སྐོར་གྱི་བགྲོ་གླེང་ཐོག་ཚོགས་ཞུགས་གནང་རྒྱུ།དེའི་ཉིན་གྱི་ཉིན་གུང་རྒྱབ་ཏུ་་མི་རིགས་མཁས་དབང་དང་ཆེད་ལས་པ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་གཉིས་ཉིན་སྦོ་སི་ཊོན་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་བཀའ་སློབ་གནང་རྒྱུ།ཕྱི་ཚེས་ལྔ་ཉིན་བོད་ཁང་གིས་གསོལ་འདེབས་ཞུས་པ་བཞིན་མི་དམངས་ལ་བཀའ་སློབ་གནང་རྒྱུ།དེ་རྗེས་མུ་མཐུད་དེ་སྔ་ཕྱི་ལོ་༡༩༥༩གོང་དུ་བོད་ནང་དུ་ཕེབས་མྱོང་ཡོད་པའི་ཁེ་ན་ཌ་དང་ཨ་མི་རི་ཀའི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ།དེ་ནས་མུ་མཐུད་རྒྱ་མི་རིགས་མཁས་དབང་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ།དེ་ནས་ཕྱི་ཚེས་དྲུག་ཉིན་དུས་སྐབས་དཀའ་ཚེགས་ཆེ་བའི་ནང་བྱམས་བརྩེ་ལྡན་པའི་བཟང་སྤྱོད་ཅེས་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་དེ་རྗེས་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་བརྙན་འཕྲིན་ལས་ཁང་སི་ཨེན་ཨེན་ཞེས་པའི་ལས་རིམ་ཞིག་ཐོག་བཅར་འདྲི་དང་ལེན་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org