ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་སྐབས་དྲང་བདེན་དགོས་གལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་དྲང་བདེན་དང་རང་དབང་ལྡན་པའི་ཐོག་ནས་བྱེད་དགོས་གསུངས་འདུག

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་རྒྱལ་ཁབ་ཚོས་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་བྱེད་པའི་སྐབས་དྲང་བདེན་དང་། རང་དབང་ལྡན་པའི་ཐོག་ནས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་འདུག

འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོགས་ཆེན་དེ་བཞིན་ཨ་རིའི་མངའ་ཁོངས་ཧ་ཝ་ཡིའི་ནང་ཚུགས་ཀྱི་ཡོད་པའི་སྔོན་དུ་འབྲེལ་ཡོད་རྒྱལ་ཁབ་ཚོའི་ཕྱི་སྲིད་བློན་ཆེན་རྣམས་པའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་རེད། ལྷན་ཚོགས་འདིའི་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་དྲན་མཆོག་གིས། འབྲེལ་ཡོད་རྒྱལ་ཁབ་ཚང་མས་ཚོང་འབྲེལ་བྱེད་པའི་སྐབས་དྲང་བདེན་དང་། རང་དབང༌། ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་ནི་ཕན་ཚུན་གཅིག་གི་གཅིག་ལ་ཡིད་ཆེས་འཕེལ་ཐབས་དང་ །ལྷག་པར་དུ་འདྲ་མཉམ་གྱི་ཐོག་ནས་འགྲན་བསྡུར་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་གསུངས་འདུག དེ་ཡང་ཁོང་གིས། ང་ཚོ་ཨ་མི་རི་ཀའི་ནང་ཕྱི་ཕྱོགས་ནས་དངོས་ཟོག་ནང་འདྲེན་བྱེད་པའི་སྐབས་དྲང་བདེན་གྱི་ལམ་ནས་ཚོང་འབྲེལ་བྱེད་ཀྱི་ཡོད་པ་ནང་བཞིན་ཨ་རིའི་ཚོང་དོན་ཚན་པའི་ཕྱི་ཚོང་བྱེད་པའི་སྐབས་སུའང་དེ་ལྟར་གོ་སྐབས་སྤྲོད་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་དང་ཕྱོགས་མཚུངས་ལྕམ་ཁི་ལན་དྲན་མཆོག་གིས། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཚོགས་མིའི་ཁོངས་སུ་མེད་པའི་རྒྱལ་ཁབ་ཡིན་ནའང་གོ་སྐབས་སྤྲད་ནས་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་བྱུང་ན་ཡག་པོ་ཡོད་ལུགས་དང་། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཚོའི་དབར་ཚོང་གི་ཁྲལ་ཆགས་ཡང་དང་གུ་བཤངས་བྱེད་ཕྱོགས་སོགས་ཀྱི་ཐོག་ལའང་བཀའ་མོལ་གནང་ཡོད་པ་རེད།

མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་མིའི་ཁོངས་སུ་རྒྱལ་ཁབ་ཉི་ཤུ་རྩ་གཅིག་ཙམ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org