འབར་མའི་ལྕམ་ཨང་སང་སུའུ་ཅི་དང་ཞལ་པར་བརྒྱུད་བཀའ་མོལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྩམ་ཨང་སང་སུའུ་ཅི་ལ་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ།

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྩམ་ཨང་སང་སུའུ་ཅི་ལ་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་ཅིང་ དེ་ནི་འདས་པའི་ལོ་ངོ་༡༥ནང་ཨ་རིའི་བློན་ཆེན་རིམ་པའི་དཔོན་རིགས་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་དང་ཞལ་པར་བརྒྱུད་བཀའ་མོལ་གནང་བ་ཐོག་མ་དེ་ཡིན་པ་ཨ་རིའི་དཔོན་རིགས་དང་འབར་མའི་གནད་དོན་དབྱེ་ཞིབ་པ་ཚོས་གསུང་འདུག ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་པི་ཇེ་ཀ་རའོ་ལི་ཁོང་གི་twitterདྲ་རྒྱའི་ཐོག་གོང་ཞུས་གནས་ཚུལ་དེ་བཏོན་གནང་ཡོད་པ་དང་ ད་དུང་དེའི་ནང་ལྕམ་ཨང་སང་སུའུ་ཀི་འབར་མ་དྲག་པོའི་གཞུང་གིས་བཟང་བཙོན་ནས་གློད་བཀྲོལ་བཏང་མ་ཐག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་གྱིས་e-mail བརྒྱུད་ནས་འབྲེལ་བ་གནང་ཡོད་པ་མ་ཟད་ ད་རེས་ཕྱི་ཚེས་༡༩གཟའ་ལྷག་པའི་ཉིན་ཞལ་པར་བརྒྱུད་འབྲེལ་བ་གནང་ཏེ་ལྕམ་ཨང་སང་སུའུ་ཅི་ཡིས་འབར་མའི་ནང་དམངས་གཙོ་དར་སྤེལ་དང་སྤྱི་དམངས་ཀྱི་ཚོགས་སྡེའི་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་པའི་འབད་བརྩོན་གནང་བཞིན་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་འཁོད་ཡོད་འདུག ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀ་རའོ་ལི་ཡིས་མུ་མཐུད་གསུང་བར་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲོན་དང་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་རྣམ་གཉིས་ཞལ་པར་ཐོག་ནས་ལྕམ་ཨང་སང་སུའུ་ཅི་བཟང་བཙོན་ནས་གློད་བཀྲོལ་བྱུང་བའི་རྗེས་ཕྱག་ལས་ག་རེ་གནང་མིན་དང་ ལྕམ་ཀི་ལིན་ཀྲེན་མཆོག་ནས་མ་འོངས་ཡུལ་གཉིས་ཀྱི་གཞུང་ཚབ་བརྒྱུད་ནས་ཕྱོགས་གཉིས་དབར་མུ་མཐུད་འབྲེལ་ལམ་ཞུ་རྒྱུ་ཡིན་པའི་སྐོར་གསུང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org