༧གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཆར།

ཨ་མི་རི་ཀའི་ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེན་རྟོག་པས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་སྐུའི་སྲུང་བྱའི་གྲ་སྒྲིག།

༄༅༎ཨ་མི་རི་ཀའི་ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེན་རྟོག་པས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་སྐུའི་སྲུང་བྱའི་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ལོང་སྦིཆ་ས་གནས་སུ་དེ་རིང་ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་བཞིན་། ༧གོང་ས་མཆོག་མགུལ་ཆམ་བཞེས་རྐྱེན་ སྨན་པས་སྐུ་ངལ་གསོ་་གནང་མཛད་དགོས་པའི་སློབ་སྟོན་ཕུལ་ཡོད་པ་ལྟར། ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་གི་༧གོང་ས་མཆོག་གི་ཚེས་༡དང་༢གཉིས་ཀྱི་མཛད་འཆར་ཁག་ལ་འགྱུར་བ་ཕྱིན་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་བྱང་ཨ་མི་རི་ཀའི་དོན་གཅོད་ཀྱིས་གསལ་བསྒྲགས་ཤིག་སྤེལ་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚེས་༢ནས་༤བར་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་ཞུགས་གདན་འཇགས་ཀྱི་ཡོད་པ་དང༌། དེ་ནས་ནས་ཕྱི་ཚེས་༨ཉིན་མི་ནི་སོ་ཀྲ་མངའ་སྡེའི་ནང་མཛད་འཆར་དང༌། ཕྱི་ཚེས་༩ཉིན་ཀྲེཀ་ས་སེ་མངའ་སྡེ་དང༌། དེ་རྗེས་ཕྱི་ཚེས་༡༡ཉིན་ཨར་ཀན་སའ་མངའ་སྡེའི་ནང་ཞབས་སོར་འཁོད་གནང་མཛད་སྟེ་སང་ཐོག་ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འཚེ་མེད་ཞི་བའི་སྐོར་གྱི་བགྲོ་གླེང་ལྷན་ཚོགས་གི་གཙོ་མགོན་དུ་ཆིབས་བསྒྱུར་དང་ཉིན་རྒྱབ་མང་ཚོགས་ལ་གསུངས་བཤད་གནང་རྒྱུ་ཡིན་པ་ལྟར། ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེན་རྟོག་དཔུང་སྡེའི་སྤྱི་ཁྱབ་མེཏ་མིལ་སི་ཡིས་ ༧གོང་ས་མཆོག་ཕེ་ཡེཏ་ལྦིལ་རུ་ཆིབས་བསྒྱུར་བསྐྱངས་སྐབས་ གནམ་ཐང་ཁག་ཏུ་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ཆས་རིགས་མང་ཙམ་གཡར་ནས་༧གོང་ས་མཆོག་གི་བཀའ་སློབ་ཉན་པར་ཡོང་མཁན་ མང་ཚོགས་ཀྱི་ལུས་བཤེར་ཞིབ་ཚག་པོ་བྱ་རྒྱུ་ཡིན་པ་དང༌། སྐུའི་སྲུང་བྱའི་ལས་བྱེད་པ་འཕར་མ་བཀོད་སྒྲིག་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག། ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་སྦདྲ་ལྦོལ་ཀྲེན་རྩེད་ཁང་ཆེན་མོའི་ནང་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསན་མཁན་མི་མང་༡༣༧༥༠ཙམ་འདུ་འཛོམས་ཡོང་བའི་ཚོད་དཔག་གནང་བཞིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org