རྒྱ་གཞུང་གི་སྲིས་བྱུས་ལ་བརྟེན་རང་སྲེག་བཏང་གི་ཡོད།

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་ བདུན་གཅིག་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་ཡོད་པའི་སྐོར་དེ་རིང་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག

༄༅།    །ཟླ་བ་འདིའི་ཚེས་༡༢ཉིན་བོད་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་རང་ལོ་༢༢ལ་སོན་པ་ཚེ་རིང་བཀྲིས་ལགས་ཀྱིས་ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་།  ཚེས་༡༧ཉིན་རྔ་པ་ཁྲུང་མཆུ་རྫོང་དུ་རང་ལོ་༢༨ལ་སོན་པ་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།  
དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་བཙན་ལས་འགུལ་ཚོགས་པས་གསུང་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་དང་། བོད་ནང་རྒྱ་ཧན་མི་རིགས་མང་པོ་གནས་སྤོས་བྱས་ཏེ།    བོད་དེ་རྒྱ་ཡུལ་དུ་གྱུར་ཐབས་བྱེད་བཞིན་པའི་སྲིད་ཇུས་ལ་བོད་མི་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ལུགས་གསུང་བཞག འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་ཆོས་དད་རང་དབང་ཡོད་པ་དང་། བོད་དེ་དེང་དུས་དང་མཐུན་པའི་ཡར་རྒྱས་ཆེན་པོ་ཕྱིན་ཏེ།    བོད་མི་རྣམས་བདེ་སྐྱིད་ཀྱི་ངང་གནས་ཡོད་ལུགས་བཤད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༩ལོ་ནས་བཟུང་ད་བར་བོད་མི་༩༧ཙམ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།  །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org