སེར་བྱེས་གྲྭ་ཚང་དང་མེ་སོར་གཙུག་ལག་སློབ་ཁང་དབར་གན་ཡིག་འཇོག་གནང་མཛད་པ།
སེར་བྱེས་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། རྒྱ་གར་གྱི་གནའ་བོ་རིག་གཞུང་དེ་རྒྱལ་སྤྱི་དང་རྒྱ་གར་གྱི་ནང་བསྐྱར་གསོ་ཡོང་ཐབས་གནང་རྒྱུར་སེར་བྱེས་གྲྭ་ཚང་དང་རྒྱ་གར་གྱི་གཙུག་ལག་སློབ་ཁང་དབར་འབྲེལ་བ་བྱུང་བ་བརྒྱུད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་རྒྱལ་སྤྱིའི་ནང་ངོས་ལེན་ཡོད་པའི་ལག་ཁྱེར་ཐོབ་པ་ཡིན་གང་སྤྱིར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་གནང་སོང་།
- 2022-09-11
-
-
-
ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༠ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ཆོས་རྭའི་ཡང་ཐོག་ཚོགས་ཁང་གི་ནང་། སེར་བྱེས་དགེ་འདུན་པ་རྣམས་ནས་བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་དང་དེ་བཞིན་སེམས་ཁམས་རིག་པ་བཅས་ཀྱི་ཐོག་གྲྭ་ཚང་གི་ཆོས་རྭའི་བསླབ་གཞི་གཞིར་བཞག་ཐོག་བོད་ཡིག་རང་གི་ཐོག་ནས་ཡིག་རྒྱུགས་གཏང་པ་དེར་རྒྱ་གར་ལྷོ་ཕྱོགས་མེ་སོར་གཙུག་ལག་སློབ་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་གནང་རྒྱུའི་མོས་མཐུན་གན་ཡིག་བཞག་གནང་སོང་། སྐབས་དེར་འདུ་འཛོམས་ཀྱི་ཐོག་སེར་བྱེས་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས། ལས་གཞི་འདི་ཕྱི་འབྱུང་བོད་རིགས་ན་གཞོན་རྣམས་ཀྱི་ནང་ཆོས་སློབ་གཉེར་རྒྱུན་འཛིན་ཡོང་བ་དང་ཕྱི་མི་རྣམས་ནང་ཆོས་དར་སྤེལ་ཡོང་རྒྱུ་སོགས་ཀྱི་དགེ་མཚན་ཡོད་སྐོར་གསུངས་གནང་སོང་།
འདུ་འཛོམས་དེའི་ཐོག་མེ་སོར་གཙུག་ལག་སློབ་ཁང་གི་རིག་དྲུང་སློབ་དཔོན་ཆེན་པོ་ཤི་ཝ་པཱ་ཡིས་གསུང་བཤད་གནང་བའི་ནང་། དེང་སྐབས་འཁྲུག་ཆ་དོད་པའི་འཛམ་གླིང་འདིའི་ནང་དཀའ་ངལ་དང་སྡུག་བསྔལ་འདྲ་མིན་སྣ་ཚོགས་མྱོང་བཞིན་པ་དེ་ལས་ཐར་ཐབས་སུ། གཙོ་བོ་སངས་རྒྱས་ཀྱི་གསུང་ཆོས་དང་༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་སོགས་ལ་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་ཡིན་དུས། མེའི་སོར་གཙུག་ལག་སློབ་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ཀྱི་འགྲོ་ལུགས་འགྲོ་སྟངས་གཏན་འབེབས་གནང་བའི་སྒོ་ནས་ལས་དོན་ཚགས་ཚུད་ཡོང་ཆེད་མོས་མཐུན་གན་ཡིག་དེ་བཞག་པ་ཡིན་ཞེས་གསུངས་གནང་སོང་།
གཞན་གསར་དུ་བསྐོ་བཞག་བྱུང་བའི་སེར་བྱེས་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། རྒྱ་གར་གྱི་གནའ་བོ་རིག་གཞུང་དེ་རྒྱལ་སྤྱི་དང་རྒྱ་གར་གྱི་ནང་བསྐྱར་གསོ་ཡོང་ཐབས་གནང་རྒྱུར་སེར་བྱེས་གྲྭ་ཚང་དང་རྒྱ་གར་གྱི་གཙུག་ལག་སློབ་ཁང་དབར་འབྲེལ་བ་བྱུང་བ་བརྒྱུད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་རྒྱལ་སྤྱིའི་ནང་ངོས་ལེན་ཡོད་པའི་ལག་ཁྱེར་ཐོབ་པ་ཡིན་གང་སྤྱིར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་གནང་སོང་།
ཡང་བོད་པའི་གདན་ས་གྲྭ་ཚང་ཁག་གི་རྒྱུན་ལྡན་སློབ་གཉེར་ལམ་ལུགས་ལ། རྒྱ་གར་གྱི་གཙུག་ལག་སློབ་ཁང་གིས་ངོས་འཛིན་གནང་བ་དེ་ནི་གདན་སའི་སློབ་གཉེར་ལམ་ལུགས་ལ་རྒྱ་གར་གཙུག་ལག་སློབ་ཁང་གིས་ངོས་འཛིན་གནང་བ་ཐོག་མ་ཞིག་དང་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་སེར་བྱེས་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས་གསུངས་གནང་བྱུང་།
དེ་མཚུངས་སྐབས་དེར་སེར་བྱེས་གྲྭ་ཚང་དང་རྒྱ་གར་ཏུམ་ཀུར་གཙུག་ལག་སློབ་ཁང་དབར། དེ་སྔ་ཤེས་ཡོན་བརྗེ་ལན་གྱི་མོས་མཐུན་གན་ཡིག་བཞག་པ་དེ་ཕར་འགྱངས་གནང་ཡོད་པ་རེད་ལ། སེར་བྱེས་གྲྭ་ཚང་དང་ཏུམ་ཀུར་གཙུག་ལག་སློབ་ཁང་དབར་འབྲེལ་བ་བྱུང་ཏེ་ད་བར་ལོ་ངོ་བཅུ་འགྲོ་ཡི་ཡོད་པ་རེད་འདུག་ལ། ད་ལན་སེར་བྱེས་གྲྭ་ཚང་དང་རྒྱ་གར་གཙུག་ལག་སློབ་གཉིས་དབར་མོས་མཐུན་གན་ཡིག་བཞག་པའི་འདུ་འཛོམས་དེའི་ཐོག་ཕྱོགས་ཁག་གསུམ་གྱི་ལས་སྣེ་དང་འབྲེལ་ཡོད་ལས་བྱེད་རྣམས་དང་གཞན་ཡང་སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་གནད་ཡོད་མི་སྣ་རྣམས་མཉམ་བཞུགས་གནང་འདུག
གཞི་རྩའི་སེར་བྱེས་གྲྭ་ཚང་གི་ནང་དགེ་འདུན་པ་རྣམས་ལ། དེང་དུས་ཀྱི་སློབ་སྦྱོང་བྱ་ཆེད་སེར་བྱེས་འབྲིང་རིམ་སློབ་གྲྭ་ཡོད་པའི་ཐོག གྲྭ་ཚང་གི་ཁྱབ་ཁོངས་སྐྱ་སེར་གཉིས་ལ་རང་ཉིད་རྒྱུན་ལྡན་འཛིན་གྲྭ་འགྲིམ་མ་དགོས་པར་ལས་ཞོར་དུ་དེང་དུས་སློབ་སྦྱོང་བྱ་ཆེད་National Institute of Open Schoolཞེས་པའི་གཞི་རིམ་སློབ་སྦྱོང་བྱ་རྒྱུའི་སྡེ་ཚན་ཞིག་དང་དེ་བཞིན་Indra Gandhi National Open University ཞེས་པའི་མཐོ་རིམ་སློབ་སྦྱོང་བྱ་རྒྱུའི་སྡེ་ཚན་གཅིག་བཅས་སྡེ་ཚན་ཁག་གཉིས་བཙུགས་གནང་ཡོད་པ་དེ་དག་རྒྱ་གར་གཞུང་གི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་རང་སྐྱོང་ཤེས་ཡོན་སྡེ་ཚན་གྱི་ངོས་འཛིན་ཡོད་པའི་ཡན་ལག་སྡེ་ཚན་ཞིག་ཆགས་ཀྱི་ཡོད་པ་རེད་ལ། དེ་ནི་བོད་པའི་གདན་ས་གྲྭ་ཚང་གི་ནང་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་སྐྱ་སེར་གཉིས་ལ་གཞི་རིམ་ནས་མཐོ་རིམ་སློབ་སྦྱོང་གནང་ས་ཡོད་པ་ཐོག་མ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།