ཁེ་ན་ཌའི་གྲོས་ཚོགས་ཀྱི་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ཀྱིས་མཉམ་ཞུགས་གནང་སྟེ་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་འདུག

ཁེ་ན་ཌའི་བོད་དོན་ཚོགས་པའི་ཚོགས་གཙོ་ཤེས་རབ་ཐར་ཕྱིན་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་ནག་གིས་ཁེ་ན་ཌའི་ནང་ཐེ་བྱུས་བྱེད་པའི་གནད་དོན་ཐོག་གསར་འགོད་ལྷན་ཚོགས་གནང་སྐབས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ཐེར་འདོན་གསལ་བཤད་གནང་འདུག

opac

རྒྱ་ནག་གིས་ཁེ་ན་ཌའི་རྒྱལ་ཁབ་ནང་ཐེ་བྱུས་བྱེད་པའི་གནད་དོན་འབྲེལ་བའི་ཐད་ཁ་ན་ཌའི་གྲོས་ཚོགས་སུ་གསར་འགོད་ལྷན་ཚོགས་ཤིག་ཕྱི་ཟླ་ ༦ ཚེས་ ༧ ཉིན་གནང་འདུག་པར།  ཁེ་ན་ཌ་བོད་དོན་ཚོགས་པའི་ཚོགས་གཙོ་ཤེས་རབ་ཐར་ཕྱིན་ལགས་ཀྱིས་མཉམ་ཞུགས་དང་འབྲེལ་བོད་ནང་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་འདོན་གསལ་བཤད་གནང་འདུག

རྒྱ་ནག་གིས་ཁེ་ན་ཌའི་ནང་ཐེ་བྱུས་བྱེད་བཞིན་པའི་གནས་སྟངས་དང་འབྲེལ་ནས་ཕྱི་ཟླ་ ༦ ཚེས་ ༧ ཉིན་ཁེ་ན་ཌའི་རྒྱལ་ས་ Ottawa རུ་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་སུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་ཁེ་ན་ཌ་ནང་ཤུགས་རྐྱེན་ལྡན་པའི་མི་སྣ་ཁག་ཅིག་གདན་ཞུས་ཀྱིས་གཏམ་བཤད་གནང་རྒྱུའི་གོ་སྐབས་སྐྲུན་ཡོད་ཅིང་།   བོད་མིའི་ཕྱོགས་ནས་ཁེ་ན་ཌ་བོད་དོན་ཚོགས་པའི་ཚོགས་གཙོ་ཤེས་རབ་ཐར་ཕྱིན་ལགས་ཀྱིས་གཏམ་བཤད་གནང་འདུག་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་པའི་སློབ་མ་ས་ཡ་གཅིག་ཙམ་བཙན་དབང་སྒོ་ནས་རྒྱ་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭར་བཅུག་ཡོད་པ་དང་།   བོད་ཕྱི་ཕྱོགས་ཀྱི་ཡུལ་གྲུ་ཁག་དང་ལྷག་པར་ནུབ་ཕྱོགས་ཁེ་ན་ཌ་སོགས་སུ་ཡོད་པའི་བོད་མི་ཚོར་རྒྱལ་མཚམས་བརྒལ་ཏེ་རྒྱ་ནག་གཞུང་གིས་སྟངས་འཛིན་དང་བསུན་བཙེར་བཟོ་ཐུབ་ཐབས་ཆེད་བོད་ནང་ཡོད་པའི་ཕྱི་སྡོད་བོད་མིའི་ནང་མི་སྤུན་མཆེད་ཚོར་གནོན་ཤུགས་སྤྲད་དེ་དཀའ་ངལ་བཟོ་ཡི་ཡོད་པའི་གནས་སྟངས་གསལ་བཤད་གནང་འདུག
ཤེས་རབ་མཐར་ཕྱིན་ལགས་ཀྱིས་ད་དུང་། རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ངོ་སྤྲོད་གནང་སྟེ།   རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་ཐེ་བྱུས་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་དེ་རིགས་སེལ་ཐབས་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུག 
ད་རེས་ཁེ་ན་ཌའི་གྲོས་ཚོགས་སུ་གསར་འགོད་ལྷན་ཚོགས་བསྐོང་པའི་ཐོག་གཏམ་བཤད་གནང་མཁན་གྱི་གྲས་སུ་ཡུ་གུར་མི་རིགས་ཀྱི་སྐུ་ཚབ་དང་།  ཧོང་ཀོང་གི་མི་སྣ།  ཐེ་ཝན་དང་སོ་ལོའི་མན་གླིང་ཕྲན་གི་སྐུ་ཚབ་ཁག་ཅིག་ཀྱང་མགྲོན་འབོད་གནང་ཡོད་པ་རེད།  
ད་རེས་ཁེ་ན་ཌའི་གྲོས་ཚོགས་སུ་གསར་འགོད་ལྷན་ཚོགས་གོ་སྒྲིག་གནང་པ་དེ་ནི།  རྒྱ་ནག་གིས་ཁེ་ན་ཌའི་ནང་ཐེ་བྱུས་བྱེད་རྒྱུའི་གནད་དོན་འདིར་གདོང་ལེན་བྱ་ཐབས་ཆེད་རྒྱ་ཁྱབ་ཀྱི་ཐོག་ནས་ཞིབ་འཇུག་བྱ་རྒྱུའི་འདུན་པ་ཡོད་པ་གསལ་སྟོན་བྱས་པ་ཞིག་དང་།  རྒྱ་ནག་གི་སྡུག་སྦྱོང་འོག་མྱངས་དང་མྱོང་བཞིན་པའི་མི་རིགས་ཐུན་མོང་གིས་ནུས་པ་མཉམ་སྦྲེལ་བྱེད་དེ་རྒྱ་ནག་གི་ཕྱི་རྒྱལ་ཡུལ་ཁག་ཏུ་སིམ་འཛུལ་ཐེ་བྱུས་བྱེད་པ་ཁག་ལ་འགོག་ཐབས་ཀྱི་ལངས་ཕྱོགས་མཁྲེགས་པོ་འཛིན་པའི་རྣམ་འགྱུར་བཏོན་པ་ཞིག་ཡིན་འདུག
གསར་འགོད་པ། འཆི་མེད
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org