ཤར་པ་བུ་སྤུན་གསུམ་གྱིས་ཇོ་མོ་གླང་མའི་རི་རྩེར་འཛེགས་འཆར།
རི་བོ་ཇོ་མོ་གླང་མའི་རི་རྩེར་ཤར་པ་བུ་སྤུན་གསུམ་པོ་མཉམ་དུ་འཛེགས་ཏེ་རི་བོའི་རི་རྩེ་རུ་འཛེགས་རྒྱུའི་ལོ་རྒྱུས་ཐོག་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུ།
-
2009-04-09 -
-
-
༄༅༎བོད་དང་བལ་ཡུལ་དབར་གྱི་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་ལན་མང་འཛེགས་མཁན་ཤར་པ་བུ་སྤུན་གསུམ་གྱིས་རི་བོ་ཇོ་མོ་གླང་མའི་རི་རྩེར་བུ་སྤུན་གསུམ་པོ་མཉམ་དུ་འཛེགས་ཏེ་རི་བོའི་རི་རྩེ་རུ་འཛེགས་རྒྱུའི་ལོ་རྒྱུས་ཐོག་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་ད་ལྟ་ལོ་ན་༣༡ཡིན་པ་བུ་རྒན་པ་སྤེན་པ་རྡོ་རྗེ་དང་རང་ལོ་༢༣ཡིན་པ་བུ་འབྲིང་བ་ཉི་མ་རྒྱལ་མཚན་དང་རང་ལོ་༢༠ཡིན་པ་བུ་ཆུང་བ་ཕུར་བུ་བསྟན་འཛིན་བཅས་ཀྱིས་ད་བར་རི་བོ་ཇོ་མོ་གླང་མའི་རྩེ་རུ་ཐེངས་༡༦འཛེགས་ཡོད་པ་དང་བུ་རྒན་ཤོས་སྤེན་པ་རྡོ་རྗེ་ཆུ་ཚོད་བརྒྱད་དང་སྐར་མ་བཅུའི་ནང་རི་གཤམ་ནས་རི་རྩེར་འཛེགས་ཏེ་རི་རྩེར་འཛེགས་མཁན་མགྱོགས་ཤོས་ཆགས་ཡོད་པ་རེད། ད་ནི་བུ་སྤུན་གསུམ་མཉམ་དུ་རྒྱ་མཚོ་ནས་མཐོ་ཚད་བྱས་ན་ཕི་ཀྲི་ཉིས་ཁྲི་དགུ་སྟོང་ཉི་ཤུ་རྩ་དགུ་ཡོད་པའི་གྲང་ངར་ཤིན་ཏུ་ཆེ་བའི་ཇོ་མོ་གླང་མའི་རྩེ་རུ་འཛེགས་རྗེས་རི་བོའི་རྩེར་ཆུ་ཚོད་༢༤འི་རིང་སྡོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། འཛམ་གླིང་གི་རྒྱལ་ཁབ་སྣ་ཚོགས་ནས་རི་བོ་ཇོ་མོ་གླང་མའི་རྩེ་རུ་འཛེགས་མཁན་ད་བར་གྲངས་ལས་འདས་པ་ཐོན་ཡོད་ཀྱང་རི་བོའི་རྩེ་མོར་སླེབས་རྗེས་དུས་ཡུན་སྐར་མ་འགའ་ཤས་རིང་དཔར་ཁ་ཤས་རྒྱབ་རྒྱུ་ཙམ་ལས་ཡུན་རིང་བར་རི་རྩེར་སྡོད་ཐུབ་ཀྱི་མེད་པ་རེད། རི་བོའི་རྩེ་མོར་དུས་ཚོད་རིང་པོ་དེ་ཙམ་སྡོད་རྒྱུ་དཀའ་ལས་ཁག་པོ་ཞེ་དྲག་རེད་དེ་ང་ཚོས་དཀའ་ངལ་དེ་ལ་གདོང་ལེན་བྱེད་ཐུབ་ཀྱ་རེད། ང་ནི་གྲོང་ཁྱེར་ཁག་གི་ལམ་ཁའི་སྒང་ལས་རི་བོའི་ལམ་ཆུང་སྒང་ལ་སྡོད་རྒྱུ་ཉེན་ཁ་ཆུང་བ་ཚོར་གྱི་འདུག་ཅེས་ཤར་པ་བུ་སྤུན་གསུམ་ནས་བུ་རྒན་ཤོས་སྤེན་པ་རྡོ་རྗེས་བརྗོད་འདུག ཤར་པ་བུ་སྤུན་གསུམ་པོས་རི་བོ་ཇོ་མོ་གླང་མའི་རི་རྩེར་བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་འཛེགས་རྒྱུ་ཡིན་འདུག།