སྲིད་སྐྱོང་མཆོག་གིས་བརྒྱུད་གཅིག་ལམ་གཅིག་གི་ཐོག་གཏམ་བཤད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིས་ལོ་དྲུག་ཅུའི་རིང་ཉམས་མྱོང་བྱུང་བ་དེ་ད་ཆ་འཛམ་གླིང་ཀུན་ལ་འབྱུང་བའི་ཉེན་ཁ་ཡོད་སྐོར་ཉེན་བརྡ་བཏང་སོང་།
-
2018-11-13 -
-
-
Your browser doesn’t support HTML5 audio
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བརྒྱུད་གཅིག་ལམ་གཅིག་གི་གནད་དོན་ཐོག་ལ་གསུང་བཤད་གནང་སྐབས་བོད་མིས་ལོ་དྲུག་ཅུའི་རིང་ཉམས་མྱོང་བྱུང་བ་དེ་ད་ཆ་འཛམ་གླིང་ཀུན་ལ་འབྱུང་བའི་ཉེན་ཁ་ཡོད་སྐོར་ཉེན་བརྡ་བཏང་སོང་།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཁུལ་དུ་ཆགས་པའི་(National Endowment for Democracy (NED) ཞེས་པ་ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོ་ཚོང་ལམ་གཅིག་ཏུ་མཐུད་པའི་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་འཆར་དང་བོད་ནང་འདས་པའི་ལོ་དྲུག་བཅུའི་རིང་གི་མྱོང་བ་གཉིས་ཞིབ་
བསྡུར་ཆེད་བགྲོ་གླེང་ཞིག་བསྐོང་ཚོགས་གནང་པ་དེའི་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་གིས་འཛམ་གླིང་ཡུལ་གྲུ་གཞན་ཚོང་ལས་བརྒྱུད་དབང་ཤུགས་སྙོབས་ཐབས་བྱེད་བཞིན་པ་དེ། བོད་མི་ཚོས་ལོ་ངོ་དྲུག་བཅུའི་རིང་དངོས་སུ་མྱོང་བ་བྱུང་ཡོད་པ་གསུངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་ནང་གི་མྱོང་བ་དེ་དོན་ཚན་ལྔ་རུ་དབྱེས་ནས་འགྲེལ་བརྗོད་གནང་ཞིང་། རྒྱ་དམག་ཐོག་མར་བོད་ནང་འབྱོར་སྐབས་བོད་ནང་། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་དྷ་ཡང་ཆར་པ་བབ་བབ་རེད་ཅེས་པའི་དམངས་གཞས་ཤིག་དར་ཞིང་། གཞས་དེས་སྐབས་དེ་དུས་རྒྱ་ནག་གཞུང་གིས་བོད་ཀྱི་མི་དྲག་ནུས་ཤུགས་ལྡན་པ་ཚོའི་བློ་སེམས་བཀུག་པ་དང་། དེ་རྗེས་ཡུལ་ལུང་ནང་གཞུང་ལམ་སོགས་འཛུགས་སྐྲུན་བྱས་པ། རིམ་པས་བགྲོད་ལམ་ཇེ་ལེགས་སུ་བཏང་རྗེས་བོད་ནང་གི་གཏེར་རིགས་རྣམས་འོར་འདྲེན་བྱས་འགོ་བཙུགས་པ་དང་། ལམ་ཆེན་དེའི་བརྒྱུད་ནས་མི་འབོར་འབོར་ཆེན་སྤོ་ཞུགས་ཀྱིས་བོད་འདི་རྒྱ་ནག་གི་མི་སེར་སྤེལ་ཡུལ་དུ་གྱུར་བ་སོགས་དཔེ་མཚོན་རྣམ་གྲངས་ལྔའི་སྒོ་ནས་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་དང་། བོད་མི་ཚོས་དབང་བསྒྱུར་དེའི་མྱོང་བ་འགྲེལ་བརྗོད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ད་ཆ་རྒྱ་ནག་གཞུང་གིས་འཛམ་གླིང་གྱི་ས་ཁྱོན་ཕྱེད་ཀ་ཙམ་ཞིག་གི་ནང་སྔར་བོད་ནང་དངུལ་དང་དངོས་པོ། དེ་བཞིན་འཛུགས་བསྐྲུན་འཕེལ་རྒྱས་ཀྱི་ལས་གཞི་སྤེལ་བའི་ཐབས་ལམ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་པས། དེ་སྔོན་བོད་ནང་དར་བའི་གླུ་གཞས་ལྟར་རྒྱ་ནག་གཞུང་གི་འཇམ་པོའི་སྟོབས་ཤུགས་བེད་སྤྱད་པའི་ཡུལ་ལུང་དེ་དག་ལ་རིམ་བཞིན་རྒྱ་ནག་གི་ངོས་ནས་རྩུབ་སྤྱོད་བེད་སྤྱོད་བྱེད་པའི་དུས་ཤིག་ཤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གིས་གོ་སྒྲིག་གནང་པའི་བགྲོ་གླེང་ཚོགས་འདུ་དེའི་ཐོག ལྟེ་གནས་ཁང་དེའི་ཨེ་ཤི་ཡ་ཚན་པའི་འགན་འཛིན་བགྲེས་པ་ (John Knaus)ལགས་ཀྱིས་གཙོ་སྐྱོང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལྷན་ཨ་རིའི་རྒྱལ་སྤྱིའི་དམངས་གཙོ་རིག་པའི་རྒྱལ་སྤྱིའི་གླེང་སྟེགས་ཁང་གི་ངེས་སྟོན་པ་བགྲེས་པ་(Shanthi Kalathil)ལགས་གཉིས་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེའི་རྒྱབ་ལྗོངས་སྐོར་གཏམ་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་གསར་འགྱུར་ལས་ཁང་ཁག་གཅིག་གི་འགོ་ཁྲིད་ཚོས། རྒྱ་ནག་མཉམ་དུ་འབྲེལ་བ་ལ་གནོད་པའི་ཉེན་ཁར་འཛེམས་ནས་ཁོང་ལ་བཅར་འདྲི་ཞུས་པའི་ལེ་ཚན་བཀག་འགོག་བྱས་པའི་ཉེ་བའི་ཆར་ཡོ་རོབ་དང་ཡང་དེ་སྔོན་ཨ་ཧྥི་རི་ཀར་བྱུང་བ་གསལ་བཏོན་གནང་ནས་རྒྱ་ནག་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཙམ་དུ་མ་ཟད། གསར་འགོད་ལས་དོན་ལའང་དོ་ཕོག་དང་སྟངས་འཛིན་བྱ་ཐབས་བྱེད་ཀྱི་ཡོད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད།
ཡང་བགྲོ་གླེང་གི་ཚོགས་འདུར་བཅར་མཁན་མང་ཚོགས་ཁྲོད་ནས་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། རྒྱ་ནག་རང་ཉིད་དམངས་གཙོ་ལམ་ལུགས་ལ་བསྐྱོད་ཀྱི་མེད་ཀྱང་། དམངས་གཙོའི་རྒྱལ་ཁབ་ནང་གི་དམངས་གཙོའི་འགྲོ་ལུགས་ཡོངས་སུ་ཤེས་པའི་ཐོག་ནས་དེའི་ནང་ཤུགས་གནོན་སྤྲོད་ཐབས་དང་། ཐབས་ལམ་དེ་དག་བརྒྱུད་ནས་རྒྱ་ནག་དམར་ཤོག་གི་ཁེ་ཕན་ཡོངས་རྫོགས་བླངས་ཐབས་བྱེད་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་བགྲོ་གླེང་གསུང་བཤད་ཀྱི་ཚོགས་འདུ་དེའི་ཐོག། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཛིམ་བབ་ལྦེ་བཅས་ཀྱི་གཞུང་ཚབ་ལས་ཁུངས་ནས་འཐུས་མི་དང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྐུ་ཚབ། གཞན་ཡང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མིའི་སྐུ་ཚབ་དང་། ཆབ་སྲིད་དབྱེ་ཞིབ་པ་སོགས་མཉམ་ཞུགས་གནང་འདུག
སྲིད་སྐྱོང་མཆོག་གི་ཨ་རིའི་རྒྱལ་སའི་ཁུལ་དུ་ཕེབས་འབྱོར་བྱུང་བ་ནི། ལོ་འདིའི་ནང་ཐེངས་གཉིས་པ་དེ་ཡིན་ཞིང་། ད་རེས་ཉིན་གྲངས་ཁ་ཤས་ཀྱི་རིང་ལ་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཁག་ལ་མཇལ་མོལ་གནང་རྒྱུ་ཡིན་འདུག
གསར་འགོད་པ་བཀྲིས་དབང་ཕྱུག