ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གོད་ཆག་བྱུང་ཡུལ་མི་མང་ལ་གདུང་སེམས་མཉམ་སྐྱེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གོད་ཆག་བྱུང་ཡུལ་མི་མང་ལ་གདུང་སེམས་མཉམ་བསྐྱེད་གནང་པ་དང་འདས་པོ་རྣམས་ལ་བསྔོ་སྨོན་ཞུས་འདུག

མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ་བ་འདིའི་ཚེས་༢༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲ་ལམ་ངོ་དེབ་སྟེང་དུ་ཉེ་ཆར་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གོད་ཆག་བྱུང་ཡུལ་ས་ཁུལ་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་འདས་པོ་ཚོར་མྱ་ངན་ཞུས་གནང་འདུག དེ་ཡང་ཕྱི་ཟླ་༡༢པའི་ཚེས་༡༨ཉིན་ཀན་སུའུ་ཞིང་ཆེན་གྱི་ག་ཅུའི་་སྟག་ལུང་རྫོང་དུ་ས་ཡོམ་བརྒྱབ་སྟེ། འདབས་འབྲེལ་མཚོ་སྔོན་ཁོངས་ཀྱི་ཡ་རྫི་དང་། བཀའ་མ་ལོག །བ་ཡན་སོགས་སུ་མི་གྲངས་བརྒྱ་ཕྲག་དུ་མར་ཤི་རྨས་དང་། ཁང་ཁྱིམ་གཏོར་བཤིག་ཚབས་ཆེན་བྱུང་འདུག་པར། འདས་པོ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལྷག་རྣམས་ལ་འབྱུང་བའི་གོད་ཆག་དང་། དགུན་ཁའི་གྲང་ངར་གྱི་གནོད་སྐྱོན་ལས་མྱུར་དུ་ཐར་བའི་སྨོན་ལམ་འདེབས་ཀྱི་ཡོད།ཅེས་གསུང་ཡོད་པ་རེད།དེ་བཞིན་ཟླ་བ་འདིའི་ཚེས་༡༩ཉིན་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ནེ་ཁོ་ལཱ་སི་བྷརན་སི་(Nicholas Burns)མཆོག་ནས་ཀྱང་Xསྤྱི་ཚོགས་དྲ་རྒྱ་སྟེ་དེ་སྔོན་གྱི་ཊི་ཝེ་ཊར་དྲ་རྒྱའི་སྟེང་གནས་ཚུལ་བཀོད་དོན།ཨ་རིའི་གཞུང་ཚབ་ཁང་གིས་ཀན་སུའུ་གྱི་ས་ཡོམ་གོད་ཆག་གི་གནོད་འཆེ་ཕོག་མཁན་གྱི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་།རྨས་སྐྱོན་ཕོག་མཁན་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་འདུན་ཞུ་གི་ཡོད།ང་ཚོས་མུ་མཐུད་དུ་ས་ཁུལ་དེ་དག་གི་གནས་སྟངས་ཐད་དོ་ཁུར་བྱེད་བཞིན་ཡོད་ཅེས་སོགས་བཀོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org