སྲིད་སྐྱོང་མཆོག་གིས་ཌེན་མག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནོར་ཝེའི་ནང་གི་འཚམས་གཟིགས་མཛད་རིམ་ཁག་འགྲུབ་ནས་ཌེན་མག་ནང་འཚམས་གཟིགས་གནང་བཞིན་འདུག
- 2023-05-03
-
-
-
Your browser doesn’t support HTML5 audio
དེང་སྐབས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་གཟིགས་སྐོར་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནོར་ཝེ་རྒྱལ་ཁབ་ནང་གི་མཛད་རིམ་ཁག་འགྲུབ་ནས། ཟླ་བ་འདིའི་ཚེས་༢ཉིན་གྱི་ཕྱི་དྲོ་ཌེན་མག་(Denmark)་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་འབྱོར་ནས་ཡུལ་དེའི་ནང་འཚམས་གཟིགས་གནང་བཞིན་པ་དང་། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཌེན་མག་ནང་གི་གཟིགས་སྐོར་ཉིན་དང་པོར་ཐོག་མར་ཀོ་པེན་ཧེ་གྷེན་ཁུལ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་ཐུག་འཕྲད་ཀྱིས་བོད་ཀྱི་ལོ་རྒྱུས་གནས་བབས་དང་བཀག་ཤག་སྐབས་༡༦པའི་ལས་དོན་གནང་ཕྱོགས་ངོ་སྤྲོད་གནང་བ་མ་ཟད། བོད་རིགས་ན་གཞོན་ཚོས་མུ་མཐུད་དུ་བོད་པའི་སྤྱི་ཚོགས་ཁྲོད་ནུས་ཤུགས་གང་ལེགས་འདོན་དགོས་པའི་སྐུལ་མའང་གནང་འདུག དེ་མིན་འདུ་འཛོམས་སྐབས་སུ་སྲིད་སྐྱོང་མཆོག་གིས་ཁུལ་དེར་བོད་ཀྱི་བདེ་དོན་ཐེབས་རྩ་གསར་འཛུགས་གནང་མཁན་ལྭ་ཁ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཚེས་༣ཉིན་ཌེན་མག་གྲོས་ཚོགས་སུ་ཌེན་མག་སྲིད་དོན་ཚོགས་པ་(The Alternative)་ཞེས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་དང་། དེ་བཞིན་ཌེན་མག་གི་གྲོས་ཚོགས་འཐུས་མི། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་(Sascha Faxe)་ལགས་བཅས་དང་མཇལ་མོལ་གནང་ཡོད་པ་དང་། དེ་བཞིན་ཉིན་དེར་གཞུང་གི་མཐོ་རིམ་དཔོན་རིགས། བློ་འདོན་པ། ཡུན་རིང་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་སོགས་དང་མཇལ་འཕྲད་ཀྱི་བོད་དོན་གླེང་མོལ་གནང་ཡོད་པ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གཞན་ཌེན་མག་གྲོས་ཚོགས་ཚོགས་ཁང་ནང་དུ་ཌེན་མག་མི་མང་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་(Morten Messerschmidt)་ལགས་དང་སྲིད་སྐྱོང་མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་མོལ་གནང་ཡོད་པ་རེད།
དེ་བཞིན་དཔལ་འབྱོར་དུས་བབ་ཀྱིས་བཅར་འདྲིའི་སྐབས་སྲིད་སྐྱོང་མཆོག་གིས། དབུ་མའི་ལམ་ལ་བོད་མི་ཚོས་ཡིད་ཆེས་བརྟན་པོ་གནང་བཞིན་པ་དང་། དེ་བཞིན་བོད་རྒྱའི་གནད་དོན་ཐག་གཅོད་གནང་བར་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་དགོས་དུས། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་འབོད་སྐུལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་བཅས། རྒྱ་ནག་གིས་བརྗོད་བཞིན་པའི་བོད་ཀྱི་ལོ་རྒྱུས་གནས་བབས་དང་དེ་སྔ་རྒྱ་ནག་དང་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དུ་བཅུག་པ་དེར་ངོས་ལེན་མེད་པ་སོགས་གསུང་ཡོད་པ་བློ་ཆོས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་ཌེན་མག་གྲོས་ཚོགས་ནང་གནད་ཡོད་འཐུས་མི་དང་མཇལ་འཕྲད་དུས་སུ། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཧྥ་ར་སི་བསོད་ནམས་ལགས་དང་། དྲུང་ཆེ་བློ་ཆོས་ལགས། ཌེན་མག་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་པ་འགྱུར་མེད་ལགས། ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་(Anders Højmark Andersen)་དང་། (Hanne Bess Boelsbjerg)་ལགས་བཅས་ཕེབས་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།