སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་སྤོར་ཅུ་གྷལ་དུ་གཞུང་འབྲེལ་ཕྱོགས་ཕེབས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་Portugal ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སེང་ཞུས་ཡོད་འདུག

སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་སྤོར་ཅུ་གྷལ་དུ་གཞུང་འབྲེལ་ཕྱོགས་ཕེབས། དབུས་བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༡༢ ཉིན་ Portugal ནང་འཚམས་གཟིགས་ཆེས་ཐོག་མ་དེ་གནང་བའི་སྐབས་གཞུང་འབྲེལ་གྱི་སྲུང་སྐྱོབ་དང་བཅས་ཕེབས་བསུ་ཞུས་ཡོད་ཅིང་། མཛད་རིམ་ཁོངས་སུ་ཡུལ་དེའི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག་ལ།  དཔོན་རིགས་རྣམས་མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས། བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཨ་མི་རི་ཀའི་སྲིད་གཞུང་དང་གྲོས་ཚོགས་ནས་ཁྲིམས་གཞི་གཏན་འབེབས་གནང་བ་ལྟར་པོར་ཅུ་གྷལ་གྱི་གྲོས་ཚོགས་ངོས་ནས་ཀྱང་འདི་ལྟ་བུའི་ཁྲིམས་འཆར་བཏོན་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་ཞུས་གནང་ཡོད་པ་བྷེལ་ཇིཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག

ཡང་ཕྱི་ཚེས་༡༣ ཉིན་གྱི་མཛད་རིམ་ནང་ཡུལ་དེའི་གསར་འགྱུར་ལས་ཁང་ཆེ་ཁག་ Lusa དང་། Expresso ཞེས་པ་གཉིས་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་ཡོད་འདུག

དེ་ནས་ཁུལ་དེའི་ནང་དེ་སྔ་ཕྱི་ལོ་ ༢༠༠༡ དང་ཕྱི་ལོ་ ༢༠༠༧ ལོ་སོ་སོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་རྒྱུར་གོ་སྒྲིག་ཞུ་མཁན་གཙོ་བོའི་གྲས་སློབ་དཔོན་ Prof. Paula Morais མཆོག་དང་། Dr Bathala རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། ཁོང་རྣམ་གཉིས་ནི་པོར་ཀྲོ་རི་གའི་ནང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐད་མཁས་པ་དང་ངོས་འཛིན་ཆེན་པོ་བྱེད་ཡུལ་གྱི་མི་སྣ་ཡིན་འདུག

སྲིད་སྐྱོང་མཆོག་པོར་ཅུ་གྷལ་ནང་གི་མཛད་རིམ་ཁག་གནང་བའི་སྐབས་བྷརཱ་སེལསི་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། པོར་ཅུ་གྷལ་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Alexandra Correia མཆོག་ཀྱང་ལྷན་བཅར་ཞུས་ཡོད་འདུག།

 གསར་འགོད་པ། རིག་འཛིན་ཆོས་སྒྲོན།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org