སྲིད་སྐྱོང་མཆོག་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་San Franciscoནང་གཞུང་འབྲེལ་ཕྱོགས་ཕེབས།
2022.06.19

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་མི་རི་ཀའི་མངའ་སྡེ་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བར་ཕྱི་ཚེས་༡༧ཉིན་རྒྱ་གར་ནས་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་San Franciscoཕེབས་འབྱོར་སྐབས་བྱང་ཀེ་ལི་ཕོར་ནི་ཡའི་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་ས་གནས་བོད་མི་མང་པོ་ཞིག་གིས་གནམ་ཐང་དུ་ཕེབས་བསུར་བཅར་འདུག
གྲོང་ཁྱེར་San Franciscoནང་ཕེབས་ཞུགས་གནང་བའི་སྐབས་དེར་སྲིད་སྐྱོང་མཆོག་གིས་ཁུལ་དེའི་བོད་པའི་གཞོན་སྐྱེས་དང་ན་གཞོན་ཆེད་ལས་པ་ཚོའི་མཉམ་དུ་གླེང་མོལ་དང་བཀའ་སློབ་གནང་སྐབས་རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་བྱེད་བཞིན་པ་དེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་བཟོ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་པ་དང་རྒྱ་ནག་དམར་པོའི་གཞུང་གིས་བོད་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞིབ་ཕྲ་འགྲེལ་བཤད་གནང་འདུག
དེ་ནས་སྲིད་སྐྱོང་མཆོག་གིས་ཁུལ་དེའི་ནང་ཡོད་པའི་བོད་པའི་ཆོས་ཚོགས་ཁག་གི་དབུ་འཁྲིད་རྣམ་པ་དང་ཟུར་དུ་མཇལ་འཕྲད་གནང་འདུག་ལ་། ཕྱི་ཚེས་༡༨རེས་གཟའ་སྤེན་པའི་དགོང་དྲོ་བྱང་ཀེ་ལི་ཕོར་ནི་ཡའི་བོད་མིའི་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་གསོལ་སྟོན་ཕུལ་འདུག
སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་ཨ་རིའི་ནང་ད་རེས་ཕེབས་ཐེངས་གཉིས་པ་དེ་ཡིན་པ་དང་ཟླ་བ་འདིའི་ཚེས་༡༧ནས་༣༠བར་གྲོང་ཁྱེར་San Franciscoདང་Minnesota,
Vermontདང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཟླ་བ་འདིའི་ཚེས་༢༢དང་༢༣བཅས་ལ་གནང་གཏན་འཁེལ་ཡོད་པ་དེའི་ནང་ལྷན་ཞུགས་གནང་ཆེད་ཕེབས་ཀྱི་ཡོད་པ་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།