རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱ་སྐད་ཁོ་ན་སྦྱོང་སྤྱོད་ཀྱི་ལས་གཞི་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་ཛ་དྲག་ཤོས་ཤིག་ཡིན་པ། ཉམས་ཞིབ་པས་བརྗོད་སོང་།

རྒྱ་ནག་གཞུང་འབྲེལ་གྱི་རྒྱ་སྐད་སློབ་དེབ་འགྲེམས་སྤེལ་ཚོགས་འདུ་དེའི་སྟེང་། སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་འགན་འཛིན་ཝང་ཞའོ་ཆིང་ཟེར་བས། རྒྱ་སྐད་སློབ་དེབ་དེ་དག་ནི་བོད་རང་སྐྱོང་ལྗོངས་གཙོས་བོད་འབྲེལ་ཞིང་ཆེན་བཞིའི་ནང་གི་བོད་རིགས་ཚོར་ཆེད་དམིགས་བསྒྲིགས་པ་ཞིག་ཡིན་པ།

རྒྱ་སྐད་སྤྱི་སྤྱོད་སློབ་དེབ་འགྲེམས་སྤེལ་ཚོགས་འདུའི་སྐབས་ཀྱི་པར། ༡།༡༢།༢༠༢༣ Chinese state media

ཕྱི་ཟླ་༡ཚེས་༡༢་ཉིན་རྒྱ་ནག་གཞུང་འབྲེལ་གྱི་བཀོད་སྒྲིག་དང་རྒྱབ་སྐྱོར་འོག་ཏུ་རྒྱ་ནག་སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས། ཆེད་དུ་བོད་ནང་གི་རོང་འབྲོག་མང་ཚོགས་དཀྱུས་མ་ཚོར་དམིགས་ནས་རྒྱལ་ཁབ་སྤྱི་སྐད་གསོ་སྦྱོང་སློབ་དེབ་དང་ཁྲིད་སྟོན་ཀློག་དེབ་ཅེས། གཞི་རིམ་མི་མང་ལ་རྒྱ་སྐད་ཁོ་ན་སྦྱོང་སྤྱོད་ཀྱི་སློབ་དེབ་འགྲེམས་སྤེལ་ཚོགས་འདུ་ཟེར་བ་ཞིག་ཚོགས་ཡོད་པ་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ནས།རྒྱ་ནག་གཞུང་གིས་བོད་ནང་གི་རྒྱ་སྐད་སློབ་གསོ་ཤུགས་ཆེར་བཏང་སྟེ། བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་བསམ་བློ་རིག་གཞུང་གི་སྒྲོམ་གཞིར་འགྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་པ་དེ། བོད་ཀྱི་འཐབ་རྩོད་ཁྲོད་དུ་གདོང་ལེན་བྱ་དགོས་པའི་གནད་དོན་ཛ་དྲག་པོ་ཞིག་ཡིན་པ་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གྱི་རྒྱ་སྐད་སློབ་དེབ་འགྲེམས་སྤེལ་ཚོགས་འདུ་དེའི་སྟེང་། སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་འགན་འཛིན་ཝང་ཞའོ་ཆིང་ཟེར་བས། རྒྱ་སྐད་སློབ་དེབ་དེ་དག་ནི་བོད་རང་སྐྱོང་ལྗོངས་གཙོས་བོད་འབྲེལ་ཞིང་ཆེན་བཞིའི་ནང་གི་བོད་རིགས་ཚོར་ཆེད་དམིགས་བསྒྲིགས་པ་ཞིག་ཡིན་པ་དང་། རྒྱ་སྐད་སློབ་གསོ་གཙོ་འདོད་དགོས་པ་ནི་ཞི་ཅིན་ཕིན་གྱི་དགོངས་པ་གལ་ཆེན་ཞིག་ཡིན་པས། རྒྱ་སྐད་སློབ་དེབ་དེ་དག་བརྒྱུད་བོད་འབྲེལ་ཁུལ་དང་རྫོང་རིམ་པའི་རོང་འབྲོག་མང་ཚོགས་ཀྱིས་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་སྟབས་བདེའི་ངང་ཤེས་ཐུབ་སྐོར་སོགས་བརྗོད་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་རྒྱ་སྐད་སློབ་གསོ་ཤུགས་ཆེར་སྤེལ་མགོ་ཚུགས་ཡོད་པ་བཞིན།ད་ལྟའི་ཆར་གཞི་རིམ་མང་ཚོགས་ཁྲོད་སྲིད་བྱུས་དེ་དག་སྤེལ་བཞིན་པའི་གནས་སྟངས་ཛ་དྲག་པོ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ཐེངས་འདིར་འགྲེམས་སྤེལ་བྱས་པའི་རྒྱ་སྐད་སློབ་དེབ་དེ་རིགས་གསུམ་དུ་དབྱེ་ཡོད་པ་དང་། དེ་དག་གི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ལོ་རྒྱུས་དང་ཁྲིམས་ལུགས་རྩ་དོན། རྒྱ་ནག་གཞུང་འབྲེལ་སྲིད་བྱུས་དྲིལ་བསྒྲགས་བྱེད་ཐབས།རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྐབས་འཕྲད་གནད་དོན་སོགས་ཡོད་སྐོར་བརྗོད་ཡོད་ན་ཡང་། ཕྱི་ཟླ་༡ཚེས་༡༢་ཉིནཨ་རིར་བརྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་༢༠༢༣ལོའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ཆོལ་གསུམ་གྱི་ས་གནས་གང་སར།གཞི་རིམ་སློབ་གྲྭ་ཁག་གི་ནང་བོད་ཡིག་རྩ་མེད་གཏོང་བཞིན་པ་དང་། ཁྲིམས་ལ་བཙན་གྱིས་བརྩི་བཀུར་བྱེད་དགོས་པའི་སློབ་གསོ་སྤེལ་བ་སོགས་བྱེད་བཞིན་ཡོད་པ་བཀོད་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་ཞིན་ཅིན་ཕིན་གྱི་དགོངས་དོན་ཡིན་སྐོར་བརྗོད་དེ། ཕྱི་ལོ་༢༠༢༠ལོ་ནས་བཟུང་བོད་ནང་གི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤེལ་མགོ་ཚུགས་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ཀྲུང་ཧྭ་མི་རིགས་ཟེར་བའི་གོང་བུ་གཅིག་སྒྲིལ་གཙོས་མི་རིགས་ས་གནས་ཁག་གི་སློབ་གསོ་རྗེས་ལུས་མི་ཡོང་ཆེད་ཡིན་སྐོར་བརྗོད་ནས། བོད་ནང་གི་རྒྱ་སྒྱུར་སློབ་གསོ་དེང་ལེན་མི་བྱེད་མཁན་ཚོར་ནག་ཉེས་འདྲ་མིན་འོག་འཛིན་བཟུང་དང་ཁྲིམས་ཆད་གཏོང་བ་སོགས་བྱས་ཡོད་པ་རེད་ལ། དཔེར་ན་བོད་ནང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༨ཚེས་༢༤ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཡིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་སློབ་གསོའི་ཚོགས་འདུ་ལ་མ་བཅར་བས་འཛིན་བཟུང་དང་། མགོ་ལོག་དར་ལོག་རྫོང་ནས་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། བོད་རིགས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་ཡུན་རིང་བཀག་ཉར་སོགས་བྱས་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org