གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ།
རྒྱལ་གཅེས་པ་བློ་བཟང་ཐོགས་མེད་དང་དཀོན་མཆོག་དབང་མོ་གཉིས་ཀྱི་གཙོས་རང་སྲེག་གནང་མཁན་ལ་དམིགས་ནས་མཆོད་འབུལ།
-
2013-03-20 -
-
-
༄༅། །ཟླ་བ་འདིའི་ཚེས་ ༡༣ ཉིན་བོད་ནང་གི་དགོང་མོ་ཆུ་ཚོད་ ༡༡།༣༠ ཙམ་ལ་མདོ་སྨད་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་པའི་རང་ལོ་ ༣༣ ལ་སོན་པའི་རྒྱལ་གཅེས་པ་དཀོན་མཆོག་དབང་མོ་ལགས་དང་ཕྱི་ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༨ ལ་སོན་པའི་དགེ་འདུན་པ་བློ་བཟང་ཐོགས་མེད་ལགས་གཉིས་ཀྱིས་རྒྱ་ནག་གཞུང་ནས་བོད་མིའི་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག དེ་རིང་ཚེས་ ༢༠ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་པ་གཉིས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གཞིས་བྱེས་གཉིས་སུ་གནས་པའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། སྨོན་ལམ་མཆོད་འབུལ་གནང་ཡོད་པ་རེད།།