རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་མིའི་སྐོར།
ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་ལྕམ་སོ་ནི་ཡ་གེན་རྡི་མཆོག་སླར་ཡང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་མིར་བཞུགས་ཏེ་དེབ་བསྐྱེལ་གནང་འདུག
-
2009-04-06 -
-
-
༄༅༎རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་ལྕམ་སོ་ནི་ཡ་གེན་རྡི་མཆོག་སླར་ཡང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་མིར་བཞུགས་ཏེ་ས་གནས་འོས་བསྡུ་ལས་ཁང་དུ་དེབ་བསྐྱེལ་གནང་འདུག
ཕྱི་ལོ་ཉིས་སྟོང་བཞི་ལོར་ཀོང་རེ་སི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་གནང་སྐབས་ཁོང་ལ་སྲིད་བློན་གྱི་འགན་ཁུར་བཞེས་གནང་ཡོང་བའི་གསོལ་འདེབས་ཚོགས་པའི་འགོ་ལས་ཡོངས་ནས་ཨུ་ཚུགས་མཐའ་ནན་གནང་ཡང་ཁོང་གིས་དགག་དགོས་དུ་མར་གཟིགས་ཏེ་ཞལ་བཞེས་མ་གནང་བར་སིཁ་མི་རིགས་ཡིན་པ་མཱན་མོ་ཧན་སིང་མཆོག་ལ་སྲིད་བློན་གྱི་ལས་གནས་ཕུལ་བ་ཡིན་པ་རེད། ད་རེས་ཀོང་རེ་སི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་འཐོབ་ན་སླར་ཡང་མཱན་མོ་ཧན་སིང་མཆོག་ལ་སྲིད་བློན་གྱི་འགན་ཁུར་འབུལ་རྒྱུའི་ཐག་གཅོད་གནང་ཟིན་པ་རེད། ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་ལྕམ་སོ་ནི་ཡ་གེན་རྡི་མཆོག་སླར་ཡང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་མིར་ཨུ་ཊར་པཱར་རྡེཤ་མངའ་སྡེའི་ས་གནས་རེའེ་སྦ་རེ་ལི་ཞེས་པའི་གྲོས་ཚོགས་འཐུས་མིའི་འོས་མིར་བཞུགས་གནང་ཡོད་པ་དང་དེའི་ཉེ་འཁྲིས་སུ་ཆགས་པའི་ཨ་མེ་ཏི་ཞེས་པའི་ས་གནས་ཀྱི་གྲོས་ཚོགས་འོས་མིར་ཁོང་གི་སྲས་རཱ་ཧུལ་གེན་རྡི་མཆོག་བཞུགས་གནང་གི་ཡོད་པ་རེད། ཁོང་གི་ཡབ་རྗེ་དམ་པ་རཱ་ཇིལྦ་གེན་རྡི་མཆོག་གིས་རྒྱ་གར་གྱི་སྲིད་བློན་གནང་ཡོད་པ་དང་རྗེས་སུ་ཁོང་འཇིགས་སྐུལ་དྲག་སྤྱོད་པས་བཀྲོངས་པ་ཡིན་པ་རེད། ཡང་ཁོང་གི་མེས་པོ་དམ་པ་རྣམས་ཀྱིས་ཡུན་རིང་རྒྱ་གར་གྱི་སྲིད་བློན་གནང་ཡོད་པས་རྒྱ་གར་རྒྱལ་ཡོངས་ནང་གེན་རྡི་ཞེས་པའི་ཁྱིམ་ཚང་དེའི་མཚན་སྙན་ཡོངས་སུ་ཁྱབ་ཡོད་པ་རེད།