སྤྱི་འཐུས་ཚོགས་གཙོ་མཆོག་ཡོ་རོབ་ལ་ཕེབས་ཐོན་གནང་བ།

སྤྱི་འཐུས་ཚོགས་གཙོ་མཆོག་ཡོ་རོབ་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གསར་བཙུགས་གནང་སྟེ་མི་ལོ་བཅུ་འཁོར་བའི་དུས་དྲན་ཆེད་ཕེབས་པ།

༄༅༎བཙན་བྱོལ་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཡོ་རོབ་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གསར་བཙུགས་གནང་སྟེ་མི་ལོ་བཅུ་འཁོར་བའི་དུས་དྲན་ཐོག་གདན་ཞུ་ཕུལ་བ་ལྟར་བཞུགས་སྒར་ནས་ཕེབས་ཐོན་གནང་ཡོད་པ་རེད།

ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་ལོ་བཅུ་འཁོར་བའི་དུས་དྲན་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་བཅུ་བདུན་ཉིན་ཡོ་རོབ་ཀྱི་རྒྱལ་ཁབ་ཧོ་ལེནདྲ་གྱི་རྒྱལ་ས་ཨེམ་སི་ཀྲར་ཌེམ་ནང་བསྐོང་ཚོགས་གནང་གི་ཡོད་པར་བརྟེན་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཧོ་ལེནདྲ་དུ་ཕེབས་ཐོན་གནང་བ་དང་ཁོང་གི་ད་རེས་ཀྱི་འཚམས་འདྲི་དེ་ནི་ཧོ་ལེནདྲ་ཁོ་ན་མ་ཡིན་པར་དེ་མིན་གྱི་ཡོ་རོབ་རྒྱལ་ཁབ་ཕེ་རན་སི་དང་ཨི་ཊ་ལི་ནང་ལའང་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ད་རེས་ཡོ་རོབ་རྒྱལ་ཁབ་ནང་གི་ཐོག་མའི་འཚམས་འདྲི་ཕེབས་ཡུལ་ཧོ་ལེནདྲ་ནང་དུ་ཟླ་བ་འདིའི་ཕྱི་ཚེས་བཅུ་བདུན་ཉིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དུས་དྲན་དེའི་ཐོག་ལ་ཕེབས་པའི་ཚོགས་མི་ཚོར་གསུང་བཤད་གནང་རྒྱུ་དང་དེ་རྗེས་ཧོ་ལེནདྲ་ནང་གནས་སྡོད་གནང་མཁན་གྱི་བོད་མི་དང་མཇལ་འཕྲད་གནང་གི་ཡོད་པ་མ་ཟད་ཕྱི་ཚེས་བཅོ་བརྒྱད་ཉིན་ཧོ་ལེནདྲ་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཁག་དང་དེ་རྗེས་ཕེ་རན་སི་དུ་འཚམས་འདྲིར་ཕེབས་ཏེ་ཕྱི་ཚེ་བཅུ་དགུ་ཉིན་ཕེ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིཡོ་ནེལ་ལུ་ཁ་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་དེ་རྗེས་ཉིན་གུང་རྒྱབ་ཏུ་ཕེ་རན་སི་ནང་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་དེ་ནས་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་ཁག་སོ་སོར་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཁག་དང་དེ་རྗེས་ཕྱི་ཚེས་ཉི་ཤུ་ཉིན་ཨི་ཊ་ལི་དུ་ཕེབས་ཐོན་གནང་སྟེ་དེར་ཉིན་གྲངས་བརྒྱད་རིང་འཚམས་འདྲི་གནང་སྟེ་ཕྱི་ཚེས་ཉི་ཤུ་དགུ་ཉིན་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org