ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སོཌ་དང་འབྲེལ་བའི་བགྲོ་གླེང༌།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་དང་རྒྱལ་དོན་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུར་ཕེབས་རྒྱུ།

༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བྱང་ཕྱོགས་འཇའ་མུ་ཁུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་དང་རྒྱལ་དོན་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་རྒྱུ་ཡིན་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་ལྟར་ན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཕྱོགས་འཇའ་མུ་ཁུལ་འདི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གཉིས་རིང་ཚོགས་རྒྱུའི་ཧི་མ་ལ་ཡ་དང་ཁོར་ཡུག།རྒྱལ་དོན་སྲུང་སྐྱོབ་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག

བགྲོ་གླེང་ཚོགས་འདུ་འདི་བཞིན་ཧི་མ་ལ་ཡའི་པཱ་རི་ལྦར་དང་འཕགས་བོད་མཛའ་འབྲེལ་ཚོགས་པ།ནེ་པ་ལི་སན་སེ་ཀི་རིཏ་པ་རི་ཤཏ།རྒྱལ་ཡོངས་ཀ་ལྦི་ས་མེ་ལན་བཅས་ཚོགས་པ་ཁག་ཅིག་ནས་གོ་བསྒྲིགས་གནང་བ་ཞིག་ཡིན་འདུག བགྲོ་གླེང་ཚོགས་འདུ་འདིའི་ཐོག་གོང་ཞུས་ཚོགས་པ་ཁག་གི་འགོ་འཁྲིད་ནས་གཏམ་བཤད་གནང་རྒྱུ་དང་ལྷག་པར་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཀྱང་བོད་དང་འབྲེལ་བའི་གནད་དོན་ཐོག་གསུངས་བཤད་གནང་འཆར་ཡོད་འདུག

ཚོགས་འདུའི་གོ་བསྒྲིགས་ཚོགས་ཆུང་གི་དྲུང་ཆེ་མཆོག་ནས་གསུངས་པར་ལྟར་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་དང་སྲུང་སྐྱོབ་ཀྱི་གནད་དོན་ཙམ་མ་ཡིན་པར་ཚོགས་འདུ་འདིའི་རིང་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་གྱི་ཡོད་ཙང་འདས་པའི་བོད་དང་བོད་མིའི་གནད་དོན་ཐོག་ལའང་བགྲོ་གླེང་གནང་རྒྱུའི་འཆར་གཞི་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org