བོད་མི་ཁག་ཅིག་ནས་ཉམ་ཐག་བོད་ཕྲུག་ལ་སློབ་ཡོན་རོགས་རམ།

ཕྱི་རྒྱལ་དུ་གནས་འཁོད་བོད་མི་ཁག་ཅིག་གིས་རྒྱ་གར་ནང་ཡོད་པའི་རང་རིགས་ཉམ་ཐག་སློབ་ཕྲུག་ཁག་ཅིག་ལ་སློབ་ཡོན་གྱི་རོགས་རམ་གནང་རྒྱུ།

༄༅༎ཕྱི་རྒྱལ་དུ་གནས་འཁོད་བོད་མི་ཁག་ཅིག་གིས་རྒྱ་གར་ནང་ཡོད་པའི་རང་རིགས་ཉམ་ཐག་སློབ་ཕྲུག་ཁག་ཅིག་ལ་སློབ་ཡོན་གྱི་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཏོན་པར་གཞིགས་ན་ཨ་རིའི་སིཨི་ཀྲལ་གྲོང་ཁྱེར་ནང་གནས་འཁོད་བོད་རིགས་ཁྱིམ་ཚང་བཅུ་བདུན་ནས་ཤེས་རིག་ལས་ཁུངས་བརྒྱུད་ཉམ་ཐག་སློབ་ཕྲུག་བཅུ་བདུན་ལ་སློབ་ཡོན་རོགས་རམ་ཟླ་རེར་ཨ་སྒོར་བཅོ་ལྔ་རེ་གནང་མུས་ཁར་ཕྱི་ལོ་ཉིས་སྟོང་དགུའི་ཟླ་བ་དང་པོ་ནས་བཟུང་སྦྱིན་བདག་གསར་པ་གསུམ་ཐོབ་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

ཡང་ཨ་རིའི་མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་ཚོགས་པ་ནས་ད་བར་ཉམ་ཐག་སློབ་ཕྲུག་བདུན་ལ་སློབ་ཡོན་གནང་མུས་ཁར་ཕྱི་ལོ་ཉིས་སྟོང་དགུའི་ཟླ་བ་ལྔ་པའི་ནས་སློབ་ཕྲུག་བཅུ་ལ་སློབ་ཡོན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཡང་སི་པེན་བོད་རིགས་མཐུན་ཚོགས་ནས་ཕྱི་ལོ་ཉིས་སྟོང་དགུའི་ཟླ་བ་བཞི་པ་ནས་བཟུང་ཉམ་ཐག་སློབ་ཕྲུག་བུ་མོ་གཉིས་ལ་སློབ་ཡོན་ཟླ་རེར་ཨ་སྒོར་སུམ་བཅུ་རེ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། གོང་ཞུས་སློབ་ཡོན་གྱི་རོགས་རམ་དེ་ཕྲུ་གུ་རྣམས་སྔོན་འགྲོའི་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་མ་ཐོན་བར་སློབ་ཡོན་རོགས་རམ་གནང་རྒྱུ་ཡིན་པར་རྒྱལ་གཅེས་དང་གཞན་ཕན་ལྷག་བསམ་ཅན་རྣམས་ལ་ཤེས་རིག་ལས་ཁུངས་ནས་བཅོས་མིན་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་གི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org