བཞུགས་སྒར་རྡ་རམ་ས་ལར་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོཌ།

འཛམ་གླིང་ཞི་བདེའི་གཟིགས་ཚུལ་ཐད་རྒྱ་གར་བའི་ལྷན་ཚོགས་ཐེངས་གཉིས་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཚེས་ལྔ་ཉིན་སྐོར་ཚོགས་གནང་བ།

༄༅༎འཛམ་གླིང་ཞི་བདེའི་གཟིགས་ཚུལ་ཐད་རྒྱ་གར་བའི་ལྷན་ཚོགས་ཐེངས་གཉིས་པ་དེ་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཚེས་ལྔ་ཉིན་སྐོར་ཚོགས་གནང་ཡོད་པ་ལྟར་ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ཡུལ་མིའི་ཐོབ་ཐང་འབུལ་བཞེས་གནང་རྒྱུའི་རེ་སྐུལ་སླར་ཡང་གནང་འདུག

གོང་ཞུས་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་དེ་བཞིན་རྒྱལ་བ་ཀརྨ་པ་མཆོག་ཀྱང་ལྷན་ཞུགས་གནང་ཡོད་པ་མ་ཟད་རྒྱ་གར་ནང་གི་རིས་མེད་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཁག་ཅིག་ལྷན་ཞུགས་གནང་ཡོད་པའི་ནང་ཧིན་རྡུའི་ཆོས་ལུགས་ཀྱི་བླ་ཆེན་ཇཱ་གཏ་གུ་རུ་ཤཀ་ཨ་ཆར་ཡ་སུ་ལྦ་མི་རྡིལྦ་ཡ་ནན་ཏིཐ་ཇི་མ་ཧ་རཇ།དང་ཆི་རྡ་ནན་ས་ར་སི་ལྦ་ཊི།སུ་ལྦ་མི་པར་མ་ནན་ས་ར་སི་ལྦ་ཊི་དང་ཇེན་ཆོས་ལུགས་ཀྱི་བླ་ཆེན་མུ་ནི་ཨ་ཆར་ཡ་སིརི་རུབ་ཆན་རྡར་ཇི་དང་ཌི་ཨེསི་ཨུ་ཆི་ཌ་བླ་མ་ཆོས་འཕེལ་བཟོད་པ་ལགས་སོགས་ལྷན་ཞུགས་གནང་འདུག

ཡང་ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ཕྱི་ནང་སེར་སྐྱ་མི་དམངས་བཅས་ལྷན་ཞུགས་གནང་ཡོད་པ་རེད།

དེ་གར་ཕེབས་པའི་རྒྱ་གར་བླ་ཆེན་རྣམ་པ་ཚོས་མགྲིན་དབྱངས་ཅིག་སྒྱུར་གྱི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་ཧ་ཅང་ཆེན་པོ་སྐྱོན་བཞིན་ཡོད་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་དབུ་འཁྲིད་ལ་གུས་བཀུར་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ཡུལ་མིའི་ཐོབ་ཐང་འབུལ་བཞེས་གནང་རྒྱུར་སླར་ཡང་རྒྱ་གར་གཞུང་དང་གྲོས་ཚོགས།དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སླར་ཡང་རེ་སྐུལ་ནན་པོ་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱིས་རྒྱ་གར་གྱི་ཆོས་གྲོགས་མང་པོ་ཞིག་ནས་དེ་སྔོན་ནས་༸གོང་ས་མཆོག་ལ་རྒྱ་གར་ཡུལ་མིའི་ཐོབ་ཐང་བཞེས་རྒྱུའི་རེ་སྐུལ་གནང་བར་སྐབས་དེ་དུས་ནས་༸གོང་ས་མཆོག་སྐུ་སྒེར་གྱིས་རྒྱ་གར་ཡུལ་མིའི་ཐོབ་ཐང་བཞེས་རྒྱུ་དེ་ནི་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་གནང་ཡོད་སྐོར་བཀའ་གནང་སྟེ་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཆོས་ལུགས་དང་རིག་གཞུང་མི་འདྲ་བ་སྣ་ཚོགས་ཤིག་ཞི་བདེ་མཉམ་གནས་བྱེད་པའི་སྲོལ་རྒྱུན་དེ་དུས་ད་ལྟའང་གསོན་པོར་གནས་པ་དེ་ནི་འགྲོ་བ་མིའི་རིགས་ཀྱི་མིག་དཔེ་བཟང་པོ་ཞིག་ཡིན་པ་དང་སྲོལ་རྒྱུན་བཟང་པོ་དེ་འཛམ་གླིང་ནང་དར་འཕེལ་གཏང་ཐབས་གནང་རྒྱུ་དེ་ཆོས་རྒྱུད་ཁག་གི་དབུ་ཁྲིད་རྣམ་པ་ཚོའི་འགན་ཁྲི་ཡིན་སྐོར་བཀའ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org