རྒྱ་གར་ནང་ཟས་བཅད་ཀྱི་ལམ་ནས་ངོ་རྒོལ།

རྒྱ་གར་ནང་ཟས་བཅད་ཀྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་གི་ཡོད་འདུག

༄༅༎དེ་སྔ་དབྱིན་ཇིའི་དབང་འོག་སྐབས་སྐྱེས་བུ་དམ་པ་གྷན་རྡིས་དབྱིན་ཇིའི་སྲིད་གཞུང་ལ་མི་འདོད་པའི་རྣམ་འགྱུར་བཏོན་ཆེད་ཟས་བཅད་བཞུགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་དག་ནི་འཛམ་གླིང་ཁྱོན་ཡོངས་ནས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞིག་བཟང་ཕྱོགས་ལྟབུར་ངོས་འཛིན་བྱས་ཡོད་པ་མ་ཟད་མིག་དཔེ་ལྟ་མཁན་ཡང་ཇེ་མང་ཞིག་བྱུང་ཡོད་པ་རེད། འོན་ཀྱང་དེང་སང་ལས་འགུལ་དེ་རང་གི་ཐོག་ནས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་ཚོར་བལྟ་སྟངས་མི་འདྲ་བ་ཞིག་བྱས་ནས་དེ་དག་ནི་དྲིལ་བསྒྲགས་ཡོང་ཐབས་སུ་དམིགས་པ་རེད་ཅེས་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་རེད། དཔེར་ན་་ཉེ་བའི་ཆར་རྒྱ་གར་གྱི་སྐྱེས་བུ་དམ་པ་གྷན་རྡིའི་རྗེས་འཇུག་ཨ་ན་ཧ་ཛ་རི་ཞུ་བས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་ནས་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པར་ངོ་རྒོལ་མཚོན་ཆེད་ཉིན་ཤས་ཟས་བཅད་བཞུགས་ནས་གཞུང་གི་ཐོག་ནས་དམིགས་བསལ་ཞིབ་འཇུག་དང་། བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་རྒྱུའི་ཚོགས་ཆུང་ཞིག་འཛུཌ་དགོས་བྱུང་ཡོད་རེད། དེ་ནས་རིམ་བཞིན་རྩ་རླུང་སྒོམ་སྒྲུབ་ཀྱི་བླ་མ་བྷ་བྷ་རམ་དེཝ་ཞུ་བས་ཀྱང་ཕྱིའི་རྒྱལ་ཁབ་ཁག་ལ་གཞུང་དངུལ་ལྐོག་ཟས་ཀྱི་བཅོལ་པོ་ཡོད་པ་དེ་དག་རྒྱལ་ཁབ་ནང་ཚུར་ལེན་དགོས་ལུགས་དང་། མི་མང་ལ་བཟའ་བཅའི་རིན་གོང་ཧ་ཅང་ཆེན་པོ་སྤྲོད་དགོས་པའི་དཀའ་ངལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་སོགས་ལ་བཏང་སྙོམ་བཟོ་དགོས་པ་སོགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་སླར་ཡང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། དེ་དང་ཕྱོགས་མཚུངས་སོ་ཝ་མི་ནི་གྷ་མ་ནན་དའ་ཞུ་བས་ཟླ་བ་འགའ་ཤས་ཟས་བཅད་ལ་བཞུགས་ནས་མཐར་དགོངས་པ་རྫོགས་པ་ཁོང་ནས་ཀྱང་ཆུ་བོ་གྷང་གྷ་སྦག་བཙོག་ཆེན་པོ་འགྲོ་གི་ཡོད་པར་བཀག་འགོག་གི་ལས་གཞི་བཏིངས་དགོས་ལུགས་གསུངས་ནས་དགོས་འདུན་བཏོན་ཡོད་པ་རེད། འོན་ཀྱང་གཞུང་གི་ཆབ་སྲིད་མི་སྣ་ཚོ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་ཁོང་ཚོའི་ལས་འགུལ་སྤེལ་སྟངས་ལ་དོགས་གཞི་དང་སོ་སོ་རང་ཉིད་སྐད་གྲགས་ཆེན་པོ་ཡོང་རྒྱུར་དམིགས་ནས་ལས་འགུལ་སྤེལ་གྱི་ཡོད་རེད་ཅེས་ཉེས་འཛུཌ་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org