འཛམ་གླིང་འཕྲོད་བསྟེན་ཉིན་མོ།
འཛམ་གླིང་འཕྲོད་བསྟེན་ཉིན་མོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་བསྒྲགས་གཏམ་སྤེལ་བ།
-
2013-04-07 -
-
-
༄༅༎དེ་རིང་ཕྱི་ཟླ་༤པའི་ཚེས་༧ཉིན་མོ་དེ་ནི།འཛམ་གླིང་འཕྲོད་བསྟེན་ཉི་མོ་ཡིན་པ་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཉི་མོ་དེ་སྲུང་བརྩི་ཞུས་པ་མ་ཟད།འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་འཛམ་གླིང་འཕྲོད་བསྟེན་ཉི་མོ་སྲུང་བརྩིའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།འདི་ལོའི་འཛམ་གླིང་འཕྲོད་བསྟེན་ཉི་མོ་དེར་ཁྲག་ཤེད་མཐོ་བའི་ནད་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པར་བརྟེན་ནས།དེ་རིང་བཞུགས་སྒར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་དང་བདེ་ལེགས་སྨན་ཁང༌།བོད་གཞུང་སྨན་རྩིས་ཁང་གིས་ས་གནས་རྒྱ་གར་མི་སེར་དང་བོད་མིར་རིན་མེད་དུ་ཁྲག་ཤེད་ཡོད་མེད་བརྟག་དཔྱད་བྱས་པ་མ་ཟད།ཁྲག་ཤེད་ན་ཚ་ཡོང་རྐྱེན་དང༌། སྔོན་འགོག བཅོས་ཐབས། ལྷག་དོན་ཁྲག་ཤེད་མཐོ་བའི་ན་ཚ་ཡིས། སྙིང་རྩ་འགག་པ་དང༌། ཀླད་པའི་རྩ་ཕྲན་ཐོར་བ།མཁལ་མའི་བྱེད་ལས་ཉམས་པའི་རྐྱེན་བྱེད་པའི་གནས་ལུགས་རྣམས་མི་དམངས་ལ་ངོ་སྤྲོད་གནང་ཡོད་པ་རེད།དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསལ་བསྒྲགས་ཤིག་སྤེལ་ཏེ།འཛམ་གླིང་འཕྲོད་བསྟེན་ཉི་མོ་དེ་ནི་འཛམ་གླིང་གི་ཡུལ་གྲུ་གང་སར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བ་ཞིག་ཡིན་པ་དང༌།འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་འདི་ལོ་དམིགས་བསལ་ཁྲག་ཤེད་མཐོ་བའི་ནད་ཀྱི་ཐོག་ལ་གོ་རྟོགས་སྤེལ་དགོས་པའི་ལམ་སྟོན་གནང་བ་དེ་ནི།ཁྲག་ཤེད་མཐོ་བའི་ན་ཚ་དེ་ནི།འཛམ་གླིང་ནང་གི་འཕྲོད་བསྟེན་དཀའ་ངལ་ཞིག་ཡིན་པ་དང༌།དེའི་རྒྱུ་མཚན་ནི།འཛམ་གླིང་ནང་དུ་མི་རྒན་པ་གསུམ་གྱི་ནང་ནས་གཅིག་གམ་གཉིས་ལ་ཁྲག་ཤེད་མཐོ་བའི་ན་ཚ་ཡོད་མཁན་ཡོང་གི་ཡོད་པ་དང༌།དེ་ཡང་ལོ་༥༠རྒལ་བའི་ནང་མང་བ་ཡོང་གི་ཡོད་པ་མ་ཟད།ཁྲག་ཤེད་ཀྱི་རྐྱེན་བྱས་ཏེ་ལོ་ལྟར་འཛམ་གླིང་ནང་ནད་པ་ཁྱོན་ས་ཡ་༩ལྷག་འདས་གྲོངས་སུ་འགྲོ་ཡི་ཡོད་པ་དང༌།དེའི་ནང་ནས་ཁྲག་ཤེད་ཀྱི་རྐྱེན་བྱས་ཏེ་ནད་པ་བརྒྱ་ཆ་༥༡ནི་སྙིང་རྩ་འགག་པ་དང༌།ནད་པ་བརྒྱ་ཆ་༤༥ནི་སྙིང་གི་ཁྲག་རྩའི་ན་ཚས་རྐྱེན་བྱས་ཏེ་འདས་གྲོངས་སུ་འགྲོ་ཡི་ཡོད་པ་རེད།བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཆ་བཞག་ནའང།ཁྲག་ཤེད་མཐོ་བའི་ནད་དེ་ནི་དཀའ་ངལ་གྱི་འཁུར་ཆེན་པོ་ཞིག་ཀྱང་ཡིན་པ་དང༌། ཁྲག་ཤེད་ནད་ལ་སྔོན་འགོག་དང༌། སྨན་བཅོས་བྱ་རྒྱུ་ཡོད་པར་སོང༌།སྔོན་ནས་སྔོན་འགོག་དང་དུས་ཐོག་ལ་སྨན་བཅོས་བྱེད་ཐུབ་པ་ཡིན་ཚེ་བོད་པའི་སྤྱི་ཚོགས་ནང་གི་ནད་དེའི་དཀའ་ངལ་དེ་ཆུང་དུ་གཏོང་ཐུབ་རྒྱུ་ཡིན་པར་བརྟེན།བོད་པ་ཚོས་རྒྱུན་དུ་བརྟག་དཔྱད་བྱེད་དུ་བསྐྱོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།