༸གོང་ས་མཆོག་གིས་མཐོ་རིམ་སློབ་གྲའི་སློབ་མར་གསུང་བཤད།
རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེའི་མཐོ་རིམ་སློབ་གྲའི་སློབ་མ་ཚོར་༧གོང་ས་མཆོག་གི་གསུང་བཤད་ཉན་པར་བསྐྱོད་རྒྱུའི་གོ་སྐབས་བྱུང་འདུག
-
2011-02-18 -
-
-
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་དུ་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་བཞིན། མུམ་སྦའེ་ནང་དུ་ཡོད་པའི་མཐོ་རིམ་སློབ་གྲའི་སློབ་མ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་ཉན་པར་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དགའ་ཚོར་ཆེན་པོ་བྱེད་བཞིན་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུམ་སྦའེ་མཐོ་རིམ་སློབ་གྲའི་ནང་གསུང་བཤད་གནང་གི་ཡོད་པ་དེར་མཐོ་རིམ་སློབ་གྲ་ཁག་མི་འདྲ་བ་ནས་སློབ་ཕྲུག་༤༠༠ཙམ་བཅར་མཁན་ཡོད་པའི་ཁོངས་ནས་༦༠ནི་ཇམ་ན་ལལ་སྦ་ཇཇ་འཛིན་སྐྱོང་སློབ་གཉེར་ཁང་གི་སློབ་མ་ཡིན་ཞིང༌། ཁོང་ཚོ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་གསུང་བཤད་ཉན་རྒྱུའི་གོ་སྐབས་ཐོབ་པ་ད་རེས་ཐེངས་དང་པོ་ཡིན་པ་དེར་དགའ་ཚོར་དང༌། གསུང་བཤད་ཉན་རྒྱུར་ཡིད་རྔམས་བྱས་སྡད་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་ཆེད་ལས་སློབ་གཞི་དང་འབྲེལ་བའི་གནད་དོན་འགའ་ཤས་ཐོག་བཀའ་འདྲི་ཞུ་རྒྱུའི་འཆར་གཞི་ཡང་ཡོད་པའི་ནང༌། འཛིན་སྐྱོང་གི་ཤེས་ཡོན་སློབ་གསོའི་ནང་བསམ་བློའི་འདུ་ཤེས་འཛིན་སྟངས་ཇི་ལྟར་བྱ་དགོས་མིན་དང༌། རྒྱ་གར་གྱི་དཀའ་ངལ་དེ་ནི་མིའི་ཀུན་སྤྱོད་ཀྱི་ཐོག་ནས་ཡོང་སྟངས་སྐོར་ལ་ཆབ་སྲིད་ཀྱི་གནས་བབ་ནས་མ་ཡིན་པར་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ནས་བཀའ་འདྲི་ཞུ་རྒྱུའི་འཆར་གཞི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་ཉན་བར་བཅར་མཁན་ནང་མཐོ་རིམ་སློབ་གྲ་འགྲིམས་བཞིན་པ་དང༌། འཛིན་སྐྱོང་སློབ་གཉེར་ཁང་གི་སློབ་མ། གཞན་ཡང་མཐོ་རིམ་སློབ་གྲ་ཐོན་ཟིན་པའི་ཚན་ཁག་བཅས་ཡོད་པ་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁོང་ཚོར་སྔ་རབས་ཀྱི་ཤེས་བྱ། དེང་དུས་ཀྱི་བསམ་བློ་ཞེས་པའི་བརྗོད་གཞིའི་ཐོག་སྐར་མ་༤༠རིང་གསུང་བཤད་གནང་རྒྱུ་དང༌། དེ་རྗེས་ཚོུད་གཅིག་རིང་ལ་སློབ་ཕྲུག་ཚོའི་འདྲི་བ་ཁག་ལ་བཀའ་ལན་གནང་རྒྱུ་བཅས་ཕྱག་ཚོད་གཉིས་ཙམ་གྱི་མཛད་འཆར་ཡོད་པར་བརྟེན་། སློབ་ཕྲུག་སོ་སོའི་ཐོག་ནས། ཆོས་ལུགས་དང༌། རིག་པའི་གཞུང་ལུགས། ཁོར་ཡུག་སོགས་དང་འབྲེལ་བའི་འདྲི་བ་མང་པོ་ཞིག་འབུལ་རྒྱུའི་འཆར་གཞི་ཡོད་པ་དང༌། མུམ་སྦའེ་དུ་ཡོད་པའི་སྦི་ཧའར་ཐེབས་རྩ་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ རེས་གཟའ་སྤེན་པའི་ཉིནརྐང་རྩེད་པོ་ལོའི་ཐང་ཆེན་དུ་ནང་ཆོས་ངོ་སྤྲོད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།