འབར་མའི་མང་གཙོའི་ལས་འགུལ་དབུ་འཁྲིད་ལ་ཁྲིམས་ཞིབ།
འབར་མའི་ལྕམ་ཨང་སང་སུ་ཅི་མཆོག་གིས་ཁོང་བཟང་བཙོན་འོག་ཡོད་སྐབས་ཀྱི་ཁྲིམས་དང་འགལ་འཛོལ་བྱས་ཡོད་མེད་ཁྲིམས་ཞིབ།
-
2009-08-04 -
-
-
༄༅༎འབར་མའམ་མ་ཡན་མར་གྱི་མང་གཙོའི་ལས་འགུལ་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་ཁོང་བཟང་བཙོན་འོག་ཡོད་སྐབས་ཀྱི་ཁྲིམས་དང་འགལ་འཛོལ་བྱས་ཡོད་མེད་གྱོད་ཞིབ་བྱེད་མཁན་གྱི་ཁྲིམས་ཁང་དེར་གནད་དོན་འདི་ནི་དྲག་པོའི་གཞུང་འཛིན་པའི་ཡུལ་འདིའི་ནང་གི་ཁྲིམས་ཀྱི་ལམ་ལུགས་ཇི་འདྲ་ཞིག་ཡོད་མེད་ཚོད་བལྟ་བྱེད་ཐུབ་རྒྱུ་ཡིན་པ་གསུངས་འདུག
ཕྱི་མི་སུ་ཡང་ཡོང་མི་ཆོག་པ་བཟོས་པའི་ཁྲིམས་བཤེར་སྐབས་ལྕམ་ཨང་སང་སུ་ཅི་མཆགོ་གིས་ཁྲིམས་ཁང་ལ་སྤྲད་པའི་གྱོད་ཡའི་ཡིག་ཆ་ཁག་མ་ཡན་མར་མང་གཙོ་ལས་འགུལ་ཚོགས་པའི་ཕྱིར་བསྒྲགས་བྱས་ཡོད་ཅིང་གཟའ་འཁོར་རྗེས་མར་ཁྲིམས་ཁང་གི་ཐག་གཅོད་གསལ་བསྒྲགས་བྱེད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཨ་མི་རི་ཀའི་མི་ཞིག་གིས་རྒྱུགས་ཆུ་ཞིག་བརྒལ་སྟེ་ལྕམ་ཨང་སང་སུ་ཅིའི་གཟིམ་ཁང་དུ་སླེབས་པའི་གནས་ཚུལ་ཞིག་བྱུང་ཡོད་ཅིང་མཡན་མར་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུ་ཅིས་ཨ་མི་རི་ཀའི་མི་དེར་གནས་སྐབས་གཟིམ་ཁང་དུ་གསང་ཉར་བྱས་པ་དེ་ནི་བཟང་བཙོན་འོག་ཡོད་སྐབས་ཀྱི་ཁྲིམས་དང་འགལ་འཛོལ་བྱས་པ་ཞིག་ཡིན་པའི་སྙོན་འཛུགས་ཀྱིས་ལོ་ལྔའི་བཙོན་འཇུག་ཉེས་ཆད་ཕོག་སྲིད་ལུགས་བརྗོད་བཞིན་ཡོད་པ་རེད།
འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་དྲག་པོའི་གཞུང་འཛིན་པ་ཚོས་ཨ་མི་རི་ཀ་བ་དེའི་གནས་ཚུལ་ཡ་མཚན་ཅན་དེ་བེད་སྤྱོད་བྱས་ཏེ་ལོ་རྗེས་མའི་ནང་གཉེར་རྒྱུའི་མཡན་མར་གྱི་རྒྱལ་ཡོངས་འོས་བསྡུའི་སྐབས་ལྕམ་ཨང་སང་སུ་ཅི་བཙོན་ཁང་ནང་འཇོག་ཐབས་ཀྱི་དམིགས་ཡུལ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་དང་གནད་དོན་འདིའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མཡན་མར་གཞུང་གི་ཐོག་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
དགུང་གྲངས་དྲུག་ཅུ་རེ་བཞི་ལ་ཕེབས་པ་ལྕམ་ཨང་སང་སུ་ཅི་མཆོག་ནི་འདས་པའི་ལོ་ཉི་ཤུ་ནས་ལོ་ངོ་བཅུ་བཞི་ཙམ་བཟང་བཙོན་འོག་ཞུགས་དགོས་བྱུང་བ་དང་རྫོང་གི་ཁྲིམས་ཁང་ཞིག་ནས་གཟའ་འཁོར་སྔོན་མར་ཐག་གཅོད་ཅིག་གསལ་བསྒྲགས་བྱ་རྒྱུ་བརྗོད་ཡོད་ན་ཡང་ཁྲིམས་ཁང་ལ་ད་དུང་གཟའ་འཁོར་གཅིག་གི་དུས་ཚོད་འཕར་མ་དགོས་རྒྱུ་བརྗོད་སྟེ་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ཐག་གཅོད་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བཞི་ཉིན་ལྕམ་ཨང་སང་སུ་ཅི་མཆོག་གིས་ཁྲིམས་ཁང་ནང་ཁྲིམས་ཁང་ནས་ཉེས་མེད་དམ་ཉེས་ཅན་གང་རུང་གི་ཐག་གཅོད་ཅིག་ངེས་པར་བྱ་རྒྱུ་ཡིན་ཞིང་ཐག་གཅོད་དེས་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་དྲང་བདེན་རྩ་ཁྲིམས་བཅས་ཀྱི་ལམ་ལུགས་ཇི་འདྲ་ཞིག་ཡོད་མེད་གསལ་ཁ་བཏོན་པའི་རང་བཞིན་ཞིག་ཆགས་རྒྱུ་རེད་ཅེས་གསུངས་འདུག།