འབར་མའི་ནང་འོས་བསྡུའི་རྗེས་འགྱུར་བ་ཕྱིན་མེད།

འབར་མའི་ནང་རྒྱལ་ཡོངས་འོས་བསྡུའི་རྗེས་གཞུང་གི་ལས་དོན་བྱ་ཕྱོགས་ལ་དོན་ཕན་ལྡན་པའི་འགྱུར་བ་གང་ཡང་མཐོང་རྒྱུ་མེད་སྐོར་གསུངས་བ།

༄༅༎འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུ་ཅི་མཆོག་གིས་ཡུལ་ནང་རྒྱལ་ཡོངས་འོས་བསྡུའི་རྗེས་གཞུང་གི་ལས་དོན་བྱ་ཕྱོགས་ལ་དོན་ཕན་ལྡན་པའི་འགྱུར་བ་གང་ཡང་མཐོང་རྒྱུ་མེད་སྐོར་གསུངས་ཡོད་པ་རེད་

ལྕམ་ཨང་སང་སུ་ཅི་མཆོག་གི་དགོངས་ཚུལ་དེ་ཇར་མན་གྱི་ཌེ་ཌབ་ལུ་DW-- TV ཞེས་པའི་བརྙན་འཕྲིན་ལས་ཁང་གིས་ཁོང་ལ་ཞལ་དཔར་བརྒྱུད་འབར་མའི་ནང་གི་ཆབ་སྲིད་གནས་སྟངས་སྐོར་ བཀའ་དྲི་ཞུས་པའི་བཀའ་ལན་དུ་གསུངས་ཡོད་པ་དང་ ཇར་མན་གྱི་བརྙན་འཕྲིན་ལས་ཁང་དེས་ཁོང་ལ་གནས་དྲིས་ཞུས་པའི་བཀའ་ལན་ཁག་གཟའ་འཁོར་འདིའི་ནང་རྒྱང་སྲིང་གནང་གི་ཡོད་ཅིང་་འདིའི་ནང་ཁོང་གིས་ཡུལ་ནང་འོས་བསྡུ་གོ་སྒྲིག་བྱས་ཡོད་པ་ཤེས་ཀྱི་ཡོད་ཀྱང་ འོས་བསྡུའི་རྗེས་གོ་སྒྲིག་ཞུས་པའི་གཞུང་འདི་དེ་སྔ་འོས་བསྡུ་གོང་གི་གཞུང་དེ་རང་ཡིན་པས་ ང་ཚོར་ད་བར་འགྱུར་བ་ཞིག་གང་ཡང་མཐོང་རྒྱུ་མེད་པ་དང་ གལ་ཏེ་འགྱུར་བ་ཞིག་ཡོང་གི་ཡོད་ན་ འགྱུར་བ་དེ་སྒུག་སྡོད་ཅེས་བཀའ་གནང་ཡོད་པ་རེད་

འབར་མའི་དྲག་པོའི་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་མ་བཟོད་པ་ལྟ་བུར་སྔ་ལོའི་ཕྱི་ཟླ་༡༡་པའི་ནང་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་གོ་སྒྲིག་ཞུས་ཡོད་པ་དང་ ཡིན་ནའི་འོས་བསྡུའི་ནང་ལྕམ་ཨང་སང་སུ་ཅིས་དབུ་ཁྲིད་པའི་ཕྱོགས་འགལ་དམངས་གཙོ་ཚོགས་པར་འོས་ཐོབ་མི་ཡོང་བའི་ཆེད་སྔ་ས་ནས་ ལྕམ་ཨང་སང་སུ་ཅི་མཆོག་འོས་བསྡུར་ཞུགས་རྒྱུའི་ཆ་རྐྱེན་ཚང་གི་མེད་པའི་སྐྱོན་བཙུགས་ཀྱིས་བཀག་འགོག་དང་ ཕྱོགས་མཚུངས་ཁོང་གིས་དབུ་ཁྲིད་པའི་དམངས་གཙོ་ཚོགས་པ་དེ་ཉིད་ཀྱང་ ཁྲིམས་མཐུན་མིན་པ་སོགས་ མདོར་ན་དྲག་པོའི་གཞུང་གི་དཔོན་རིགས་ཚོར་ སྐྱར་དུ་ཞི་བའི་འགོ་ཁྲིད་ཀྱི་ངོ་བོར་འོས་ཐོབ་ཐབས་ཁོ་ན་བྱས་ཡོད་ནའང་ རྒྱལ་སྤྱིའི་ཚོགས་སྡེ་གང་ཞིག་ནང་འབར་་མའི་གཞུང་གི་འོས་བསྡུ་དེ་དམངས་གཙོ་ལུགས་དང་མཐུན་པའི་འོས་བསྡུ་དྲང་པོ་ཞིག་བྱུང་ཡོད་པར་ངོས་འཛིན་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་རེད་

འབར་་མའི་གཞུང་གིས་འོས་བསྡུའི་སྐྱོན་གནད་དེ་ཡོ་བསྲང་ལྟ་བུར་ལྕམ་ཨང་སང་སུ་ཅི་མཆོག་རྗེས་སུ་ལོ་མང་གི་བཟང་བཙོན་ནས་གློད་གྲོལ་བཏང་ཡོད་ནའང་ ཁོང་ལ་ཆབ་སྲིད་ཀྱི་ལས་འཁུར་ནང་ཞུགས་རྒྱུའི་རང་དབང་ལ་བཏང་འཛིན་མུ་མཐུད་བྱེད་བཞིན་ཡོད་པ་རེད་

ལྕམ་ཨང་སང་སུ་ཅི་མཆོག་གིས་གོང་ཞུས་ཇར་མན་གྱི་བརྙན་འཕྲིན་ལས་ཁང་དེར་ ཇི་སྲིད་དུ་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་འགྲོལ་གྱིས་ང་ཚོ་ཚང་མར་ཆབ་སྲིད་ཀྱི་ལས་དོན་ནང་ཆ་ཤས་ལེན་རྒྱུའི་གོ་སྐབས་ཤིག་མ་བྱུང་བར་ད་ལྟའི་རྒྱལ་ཁབ་འཛིན་སྐྱོང་གི་ལས་འཁུར་ལ་འགྱུརབ་ཞིག་ཡོང་གི་ཡོད་པ་གཟིགས་ཀྱི་མེད་ཅེས་གསུངས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org