ཚའེ་དབྱིན་ལྦན་གྱིས་༢༠༡༦ལོར་སླར་ཡང་འགྲན་རྩོད་ནང་ཞུགས་རྒྱུ།

ཐའེ་ལྦན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚའེ་དབྱིན་ལྦན་གྱིས་སྤྱི་༢༠༡༦་ལོར་སླར་ཡང་འགྲན་རྩོད་བྱེད་རྒྱུ་རེད་འདུག

༄༅༎ཐའེ་ལྦན་གྱི་སྲིད་འཛིན་འགྲན་རྩོད་ནང་ཕམ་ཉེས་བྱུང་བའི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚའེ་དབྱིན་ལྦན་གྱིས་རྒྱབ་སྐྱོར་གནང་མཁན་དང་ངོ་ཐུག་གིས་སྤྱི་༢༠༡༦་ལོར་སླར་ཡང་འགྲན་རྩོད་བྱེད་རྒྱུ་རེད་འདུག
སྤྱི་༢༠༡༢་ལོའི་ཐའེ་ལྦན་གྱི་སྲིད་འཛིན་འོས་འདེམས་ནང་ཕམ་ཉེས་བྱུང་བའི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཚའེ་དབྱིན་ལྦན་གྱིས་སྲིད་འཛིན་འོས་འདེམས་ལ་ཞུགས་པར་གྱོད་སེམས་མི་འདུག ཁོང་རང་གི་ཚོགས་པས་ངེས་པར་དུ་མུ་མཐུད་རྣམ་པ་གསར་བསྒྱུར་བྱེད་དགོས་པ་ཡིན་ཞེས་གསུངས་བ་དང་། ད་དུང་ཁོང་གིས་་རྒྱབ་སྐྱོར་བྱེད་མཁན་ཚོར་དམངས་གཙོ་ཡར་ཐོན་ཚོགས་པར་ད་ལམ་སྲིད་འཛིན་འོས་འདེམས་ནང་དམངས་གཙོ་ཡར་ཐོན་ཚོགས་པར་སྤྱིའི་འོས་ཤོག་ཐོབ་ཚད་ལ་འཕར་སྣོན་བྱུང་བ་དང་། གྲོས་ཚོགས་ཀྱི་ཚོགས་མིའི་རྐུབ་སྟེགས་མང་རུ་ཕྱིན་པ། འཐབ་རྩོད་རུ་ཁག་གི་རྣམ་པ་ལྷུ་ཞིག་མེད་པས་གང་ལྟར་ང་ཚོས་མུ་མཐུད་འབད་བརྩོན་བྱས་པ་ཡིན་ན་ལོ་བཞིའི་རྗེས་རྒྱལ་ཁ་ཐོབ་ཐུབ་པ་ཡོང་གི་རེད་ཅེས་རྣམ་པ་བསྟན་འདུག འདི་ལོའི་ཐའེ་ལྦན་གྱི་སྲིད་འཛིན་གྱི་འོས་འདེམས་ནང་ཚའེ་དབྱིན་ལྦན་མ་གཞི་མཐའ་མཇུག་འོས་གྲངས་འབུམ་བརྒྱད་ཀྱི་བར་ཁྱད་ཤོར་ཏེ་གོ་མིང་ཏང་གི་སྲིད་འཛིན་འོས་མི་མའ་དབྱིན་ཅུའུ་སླར་ཡང་སྲིད་འཛིན་དུ་འོས་འདེམས་བྱུང་བ་རེད། སྲིད་འཛིན་འོས་འདེམས་ལ་ཕམ་ཉེས་བྱུང་རྗེས་ཁོང་གིས་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ནས་དགོངས་པ་ཞུས་ཏེ་ཕམ་ཉེས་བྱུང་བའི་འགན་ཁུར་ལེན་བྱས་ཤིང་། འོན་ཀྱང་མང་ཚོགས་ཀྱིས་ཁོང་མུ་མཐུད་ཚོགས་གཙོའི་འོས་འགན་ཁུར་ལེན་བྱེད་དགོས་པའི་རེ་བ་བཏོན་པ་དེའི་ཐོག་ནས་ཚའེ་དབྱིན་ལྦན་ལ་གཞི་རིམ་ཚོགས་མིའི་སེམས་ནང་སྙན་གྲགས་གོ་གནས་དེ་ར་འཕྲོད་ཐུབ་ཀྱི་ཡོད་པ་རེད།   ད་རེས་སྲིད་འཛིན་འོས་འདེམས་ནང་ཚའེ་དབྱིན་ལྦན་གྱིས་མཚོ་འགག་གཉིས་བར་འབྲེལ་བའི་ཐད་ཁ་གསལ་པོ་མ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཕན་བདེའི་སྲིད་ཇུས་འཛིན་སྟངས་ཐད་འོས་མིའི་བློ་སེམས་བཀུགས་ཐུབ་པ་བྱུང་མེད་པ་ཉམས་ཞིབ་པས་དཔྱད་བརྗོད་སྤེལ་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org