ཐའེ་ལྦན་གྱི་མི་སེར་རྒྱ་ནག་ལ་རྩིས་སྤྲོད།
རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཉེས་ཅན་པ་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཐའེ་ལྦན་གཞུང་གིས་ཕེ་ལི་ཕིན་གཞུང་གི་བྱ་སྤྱོད།
-
2011-02-09 -
-
-
༄༅༎ཉེ་ཆར་ཕེ་ལི་ཕིན་གཞུང་གིས་ཡུལ་དེའི་ནང་ནས་ཐའེ་ལྦན་དང་རྒྱ་ནག་གི་མི་སེར་ཁག་ཅིག་གིས་དངུལ་མགོ་སྐོར་བཏང་བའི་ཉེས་བཙུགས་འོག་འཇུ་བཟུང་བྱས་པ་རྣམས་ རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཉེས་ཅན་པ་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཐའེ་ལྦན་གཞུང་གིས་ཕེ་ལི་ཕིན་གཞུང་གི་བྱ་སྤྱོད་དེར་དེ་རིང་གཟའ་ལྷག་པའི་ཉིན་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་
ཕི་ལི་ཕིན་ནང་ཡོད་པའི་ཐའེ་ལྦན་གྱི་དོན་གཅོད་ལས་ཁང་གི་འགོ་འཛིན་ཌོ་ནལ་ལི་ཡིས་ཕེ་ལི་ཕིན་གཞུང་གིས་ཐའེ་ལྦན་མི་སེར་དེ་དག་ཐའེ་ལྦན་གཞུང་ལ་རྩིས་སྤྲོད་གནང་རྒྱུའི་དགོས་འདུན་ལ་རྩིས་མེད་རྡོག་རོལ་བཏང་ནས་ཐའེ་ལྦན་གྱི་མི་སེར་བཅུ་བཞི་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པ་མི་གྲངས་བཅུ་མཉམ་དུ་ཐའེ་ལྦན་གྱི་དོན་གཅོད་ལས་ཁང་ལ་གང་ཡང་མ་བརྗོད་པར་ མཚན་མོ་གསང་བའི་ཐོག་ནས་རྒྱ་ནག་ལ་ཕྱིར་སྤྲོད་བྱས་ཡོད་པ་དང་ ཕེ་ལི་ཕིན་གཞུང་གི་བྱ་སྤྱོད་དེ་ནི་རྒྱ་ནག་མི་སེར་རྒྱལ་ཁབ་འམ་ཐའེ་ལྦན་གཞུང་ལ་གུས་ཞབས་རྩ་བ་ནས་མེད་པའི་བྱེད་སྟངས་ཤིག་ཡིན་པ་རེད་ཅེས་གསུང་འདུག ཡང་སྐུ་ཞབས་ལིའི་ཡིས་ཕེ་ལི་ཕིན་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་ཐའེ་ལྦན་གཞུང་ལ་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དེས་ཐའེ་ལྦན་ནང་ལས་ཀ་བྱེད་བཞིན་པའི་ཕེ་ལི་ཕིན་གྱི་ངལ་རྩོལ་བ་མི་གྲངས་ཁྲི་བརྒྱད་ལྷག་ཙམ་ཡོད་པ་རྣམས་ཀྱི་གནས་སྟངས་ལ་ཐའེ་ལྦན་གཞུང་གིས་འགན་ལེན་དང་ཡར་རྒྱས་གཏོང་དགོས་རྒྱུའི་ཕེ་ལི་ཕིན་གཞུང་གི་དགོས་འདུན་དེར་ཁས་ལེན་གང་འདྲ་བྱ་དགོས་རེད་དམ་ཞེས་བརྗོད་འདུག ན་ནིང་ཕྱི་ཟླ་བཅུ་པའི་ནང་ཕི་ལི་ཕིན་ནང་ཐའེ་ལྦན་མི་སེར་བཅུ་བཞི་དང་རྒྱ་ནག་སྐམ་ས་ཆེན་མོའ་མི་སེར་བཅུ་ཡིས་གློག་ལས་བུན་ལོན་གཏོང་ཡས་ཀྱི་ལག་འཁྱེར་རྫུན་བཟོ་བྱས་ནས་མགོ་སྐོར་བཏང་བའི་ནག་ཉེས་བསགས་པར་བརྟེན་ནས་ཕི་ལི་ཕིན་གཞུང་གིས་འཇུ་བཟུང་བྱས་ཡོད་པ་དང་ གནད་དོན་དེའི་ཐོག་རྒྱ་ནག་ཉེན་རྟོག་ལས་ཁང་གི་བརྟག་དཔྱད་བྱེད་མི་ཕི་ལི་ཕིན་དུ་འབྱོར་ནས་ཕི་ལི་ཕིན་གཞུང་གིས་ཐའེ་ལྦན་གྱི་དགོས་འདུན་ལ་མི་ལྟོས་པར་ཉེས་ཅན་པ་དེ་དག་རྒྱ་ནག་སྐམ་ས་ ཆེན་མོར་ཕྱིར་སྤྲོད་བྱས་ཡོད་པ་དང་ཕི་ལི་ཕིན་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ཐའེ་ལྦན་གཞུང་གིས་ཕི་ལི་ཕིན་ནང་ཡོད་པའི་ཐའེ་ལྦན་དོན་གཅོད་ལས་ཁང་གནས་སྐབས་སྒོ་རྒྱབ་པ་དང་འབྲེལ་ཕི་ལི་ཕིན་གྱི་ཡུལ་མི་ཐེ་དབན་ནང་ལས་ཀ་འཚོལ་བར་ཡོང་མཁན་ཚོར་ཐོངས་མཆན་སྤྲོད་རྒྱུ་དང་ལས་ཀའི་ཐོ་འགོད་བྱ་རྒྱུ་སོགས་ཀྱི་ཐོག་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད་