བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྐོར།

ཀྲི་ཕོར་ཀྲི་སྦེཏ་ཞེས་པའི་བོད་དོན་ལ་རྒྱབ་བསྐྱོར་གྱི་ལས་འགུལ་ནང་སྙན་གྲགས་ཆེ་བའི་ཐེ་ལྦན་གྱི་མི་སྣ་ཁག་ཅིག་གིས་མཉམ་ཞུགས་གནང་འདུག

༄༅༎ཀྲི་ཕོར་ཀྲི་སྦེཏ་ཞེས་དབྱིན་ཇིའི་ཡིག་འབྲུ་ཀྲི་ཡིས་ལག་རྟགས་བྱས་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་བསྐྱོར་གྱི་ལས་འགུལ་ནང་སྙན་གྲགས་ཆེ་བའི་ཐེ་ལྦན་གྱི་རོལ་དབྱངས་རུ་ཚོགས་དང་གློག་བརྙན་པ་ཁག་ཅིག་གིས་མཉམ་ཞུགས་གནང་སྟེ་རྒྱལ་སྤྱིའི་བོད་དོན་གྱི་ལས་འགུལ་དེའི་ནང་ཨེ་ཤེ་ཡའི་ཡུལ་ཁག་ཁོངས་ནས་ཐེ་ལྦན་མཉམ་ཞུགས་གནང་མཁན་དང་པོ་དེ་ཡིན་པའི་གནས་ཚུལ་ཐོན་འདུག

ཀྲི་ཕོར་ཀྲི་སྦེཏ་ཞེས་པའི་བོད་དོན་དྲིལ་བསྒྲགས་དང་རྒྱབ་བསྐྱོར་གྱི་ལས་འགུལ་དེ་བཞིན་སྔ་ལོ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་འགོ་བཙུགས་གནང་ཡོད་པ་རེད། ལས་འགུལ་དེའི་ཐོག་སྙན་གྲགས་ཅན་གྱི་དཔར་པ་ཁཱ་ལའེལྦ་ཨ་རོ་སི་མིཐ་ཞུ་བས་རྒྱལ་སྤྱིའི་ཡུལ་གྲུ་གང་སར་འཛམ་གླིང་ཐོག་སྙན་གྲགས་ཅན་གྱི་སྒྱུ་རྩལ་མི་སྣ་ཁག་གིས་བོད་དོན་ལ་རྒྱབ་བསྐྱོར་མཚོན་པའི་དབྱིན་ཇིའི་ཡིག་འབྲུ་ཀྲི་ཡིས་ལག་རྟགས་བྱས་པའི་དཔར་ལེན་གནང་པ་དང་འདྲ་པར་དེ་དག་ཡུལ་གྲུ་གང་སར་མི་ཚོགས་འདུ་འཛོམས་ཆེ་བའི་ས་གནས་ཁག་ནང་དྲིལ་བསྒྲགས་ཆེད་འགྲེམས་སྤེལ་གནང་གི་ཡོད་པ་རེད། ད་ཕན་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ནུབ་ཕྱོགས་པའི་སྒྱུ་རྩལ་མི་སྣའི་ཁོངས་སུ་གློག་བརྙན་འཁྲབ་སྟོན་པ་ཇཱེ་རི་མི་ཨ་ཡོན་སི།ལོ་ཨ་ན་ལམ་ལི།ཚུལ་ཁྲིམས་མ་ཆུ་སོགས་ཡོད་པ་རེད། ཐེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་ཀྲི་ཕོར་ཀྲི་སྦེཏ་ཞེས་པའི་བོད་དོན་རྒྱབ་བསྐྱོར་གྱི་ལས་འགུལ་དེ་ཆི་ཐོ་ནིཀ་ཞེས་པའི་ཐེ་ལྦན་ནང་སྙན་གྲགས་ཆེ་བའི་རོལ་དབྱངས་ཚོགས་པ་ཞིག་གིས་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད། རོལ་དབྱངས་ཚོགས་པ་དེའི་གཞས་པ་ཕེ་རེ་ཌི་ལིན་ཞུ་བས་ཁ་ས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པ་བརྒྱུད་ལས་འགུལ་གསལ་བསྒྲགས་གནང་འདུག་པ་དང་ཁོང་རྣམས་ཀྱིས་ཀྲི་ཕོར་ཀྲི་སྦེཏ་ཞེས་པའི་ལས་འགུལ་དེ་བཞིན་བོད་དོན་ལ་རྒྱབ་བསྐྱོར་ཞུ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་བསྐྱོར་བྱས་པའི་མཚོན་དོན་ཡིན་པའི་སྐོར་ངོ་སྤྲོད་གནང་འདུག ཁོང་རྣམས་ཀྱིས་བོད་དོན་རྒྱབ་བསྐྱོར་གྱི་ལས་འགུལ་དེའི་ནང་ཐེ་ལྦན་གྱི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་བེུད་ཨེ་ནོ་ཆེང་དང་སྲོལ་རྒྱུན་གཞན་པ་པཱ་ནའེ་དང་དེང་དུས་ཀྱི་རོལ་དབྱངས་ཚོགས་པ་ཨེལ་ཀྲི་ཁ་མིའུན།ཕཱ་ཡར་ཨེསི་ཀྲིང་གུ་ཤར།རྩོམ་བྲིས་པ་ལྦུ་ཡིང་ནིང་ལ་སོགས་པའི་སྒྱུ་རྩལ་མི་སྣ་མང་པོས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org