རྒྱ་གར་དང་ཐེ་ཝན་བར་ཚོང་འབྲེལ་སྐད་ཆ་ཡོང་བཞིན་པ་ནི་རྒྱ་ནག་ལ་ལན་འདེབས་རེད་ཟེར།

གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་གར་གཅིག་གི་སྲིད་བྱུས་ངོས་འཛིན་མ་བྱས་ན་རྒྱ་གར་ལའང་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་འཛིན་གནང་དགོས་པའི་འགན་ཁུར་མེད་ཅེས་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀཱན་ཝལ་སི་སྦལ་ལགས་ཀྱིས་གསུང་སོང་།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀཱན་ཝལ་སི་བྷལ་(Kanwal Sibal)་ལགས། Kanwal Sibal/twitter

ཐེ་ཝན་དང་རྒྱ་གར་བར་གཞུང་འབྲེལ་ཚོང་འབྲེལ་འཛུགས་རྒྱུའི་སྐད་ཆ་ཡོང་བཞིན་པ་ནི་རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་ཏུ་ཧམ་འཛུལ་བྱས་པར་རྒྱ་གར་གྱིས་ལན་འདེབས་གནང་བ་ཞིག་རེད་ཅེས་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀཱན་ཝལ་སི་སྦལ་ལགས་ཀྱིས་གསུང་སོང་།
དེང་སྐབས་རྒྱ་གར་དང་ཐེ་ཝན་གྱི་བར་གཞུང་འབྲེལ་གྱི་ཐོག་ནས་ཚོང་འབྲེལ་འཛུགས་འཆར་གྱི་བཀའ་མོལ་ཡོང་བཞིན་པ་དང་། རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཚོའི་ནང་དེ་ལ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་ཡི་ཡོད་ཅེས། ཉེ་ལམ་སྦི་ལོམ་བྷིར་དཔལ་འབྱོར་ཆ་འཕྲིན་གྱི་ཐོག་རྒྱ་གར་གཞུང་གི་མིང་བརྗོད་འདོད་མེད་པའི་གཞུང་ཞབས་ཤིག་གིས་གསུང་ཡོད་པར་བརྟེན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་རྒྱ་གར་གྱི་ཐོག་ནས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་སྐྱོང་དང་བབ་བརླིང་བརྟན་གསུམ་བྱ་དགོས་པ། ཐེ་ཝན་དང་མཉམ་དུ་རྣམ་པ་ཇི་འདྲ་སྤྱད་དེ་རྒྱལ་ཁབ་སུས་ཕྱི་འབྲེལ་བཙུགས་པ་ཡིན་ན། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་དགག་བྱ་ཡོད་པ་དང་། ཐེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བཤད་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀཱན་ཝལ་སི་བྷལ་(Kanwal Sibal)་ལགས་སུ་དེའི་ཐད་བཅར་འདྲི་ཞུས་སྐབས། ཁོང་གིས། དེ་ནི་རྒྱ་ནག་རྒྱ་གར་ལ་དྭགས་ཀྱི་ས་ཐོག་ཏུ་ཧམ་འཛུལ་བྱས་པའི་གནད་དོན་དང་སྦྲེལ་ན། རྒྱ་གར་གྱིས་རྒྱ་ནག་ལ་འཁོན་ལན་སློག་གནང་བ་ཞིག་དང་། གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་གར་གཅིག་གི་སྲིད་བྱུས་ངོས་འཛིན་མ་བྱས་ན། རྒྱ་གར་ལའང་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་འཛིན་གནང་དགོས་པའི་འགན་ཁུར་མེད་པ་རེད་ཅེས་དང་། ད་ལྟའི་གནས་སྐབས་སུ་ང་ཚོས་གནས་སྟངས་དེ་འདྲ་ཞིག་ཕལ་ཆེར་གནང་གི་མེད་པར་ཕན་ཚུན་གྲོས་མོལ་གནང་བཞིན་པ་རེད། ཚོང་གི་རེ་བ་བྱ་ཡུལ་ནི་ཧ་ཅང་ཡག་པོ་རེད་དེ་གནད་འགག་ཐུག་ས་ཆབ་སྲིད་རེད། ང་ཚོས་ད་ལྟ་ཐེ་ཝན་དང་མཉམ་དུ་ཚོང་ལས་བྱེད་བཞིན་པའི་ཐོག་ནས་མུ་མཐུད་ན། ཕན་ཚུན་གཉིས་ཀ་ལ་སྐུ་ཚབ་ལས་ཁུངས་ཡོད་ནའང་། དེ་ནི་དོན་གཅོད་དང་ཕྱི་འབྲེལ་གྱི་ལས་དོན་གནང་ཡུལ་དེ་འདྲ་མིན་པར། ཚོང་དོན་ལས་ཁུངས་ཤིག་ཡིན་པའི་ཐོག་ནས་འབྲེལ་ལམ་རྒྱུན་སྐྱོང་གནང་གི་ཡོད་ཅིང་། གནད་འགག་ཅིག་ནི་ང་ཚོས་ཡོངས་གྲགས་གཞུང་འབྲེལ་བློན་ཆེན་རིམ་པའི་ཐོག་ནས་འབྲེལ་ལམ་བཟུང་ན་འགྲིག་མིན་ལབ་ན། ཨ་མི་རི་ཀས་ཉེ་ཆར་བློན་ཆེན་ཞིག་ཐེ་ཝན་དུ་བཏང་ཡོད་པ་མ་ཟད། དབྱིན་ཇིའི་གཞུང་གིས་ཀྱང་ཚོང་དོན་དུ་བློན་ཆེན་ཞིག་བཏང་ཡོད་པས། རྒྱ་གར་གྱི་གནས་ཚུལ་དེ་ཡང་དེ་ཚོ་དང་གཅིག་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་ཁོང་གིས། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་སྐྱོང་བྱ་དགོས་ལུགས་བཤད་པ་ནི། ངོ་ལྐོག་རྒྱབ་མདུན་མི་མཚུངས་པ་དང་ཁྱད་མཚར་རེད་ཅེས་དང་། རྒྱ་ནག་གཞུང་གིས་རྒྱ་གར་ལ་ཐེ་ཝན་གྱི་ཐོག་ཡིད་གཟབ་བྱ་དགོས་པ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་སྐྱོང་གི་དྲན་སྐུལ་གཏོང་བ་བཅས་ནི། ཧ་ཅང་ངོ་ལྐོག་རྒྱབ་མདུན་མི་མཚུངས་པ་ཞིག་རེད། ཁོང་ཚོ་ང་ཚོའི་ས་ཁོངས་སུ་བསྡད་དེ་ད་དུང་ང་ཚོའི་ས་ཆ་མང་པོ་ཧབ་ཐོབ་བྱེད་པ་སོགས་ནི་ཁྱད་མཚར་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། གཞན་ད་དུང་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀཱན་ཝལ་སི་སྦལ་ལགས་ཀྱིས། ད་ལྟ་ཐེ་ཝན་གྱིས་གྲུབ་འབྲས་གང་འཚམས་ལོན་ཡོད་པ་ནི། ཐེ་ཝན་ཕྱི་སྲིད་བློན་ཆེན་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་ཐུབ་ཡོད་པ་དང་། ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་རྒྱ་གར་གྱི་གསར་ལམ་ཆེ་ཁག་ཏུ་ཁྱབ་བསྒྲགས་འགྲོ་ཐུབ་པ་བཅས་ནི། རྒྱ་ནག་གིས་རྒྱ་གར་ལ་ས་མཚམས་རྩོད་རྙོག་ཐེངས་མང་བསླངས་ཡོད་པར་བརྟེན། རྒྱ་གར་གྱིས་ཐེ་ཝན་ལ་སོ་སོའི་འདོད་བབས་དང་འཚམས་པའི་འབྲེལ་ལམ་གནང་རྩིས་ཡོད་པ། རྒྱ་ནག་ལ་བརྡ་བཏང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཟླ་བ་འདིའི་འགོ་སྟོད་ཙམ་ནས་རྒྱ་གར་གཞུང་གིས་ཐེ་ཝན་གྱི་(Foxconn)འཕྲུལ་ལས་ཚོགས་པ་དང་། (Wistron)དང་(Pegatron)ཚོང་ལས་ཁང་སོགས་ལ་ཆོག་མཆན་སྤྲད་དེ། ཁོང་ཚོས་ལོ་ལྔ་ལ་རྒྱ་གར་ནང་ལག་ཁྱེར་ཁ་པར་ཐོན་བསྐྱེད་བྱེད་ཆོག་པ་དང་འབྲེལ། རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༡༤༣ཙམ་གྱི་མ་འཇོག་ཡོང་རྒྱུའི་རེ་བ་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org