ཐའེ་ལྦན་གྱི་སྲིད་འཛིན་ཟུར་པས་ཟས་བཅད་ཀྱི་གནས་སྟངས་སྐོར།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཟས་བཅད་ངོ་རྒོལ་གནང་ནས་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཁོང་ལ་ཁྲིམས་ཞིབ་བྱེད་ཡས་དེ་ནི་སྲིད་དོན་གྱི་དམིགས་ཡུལ་ཆེད་དུ་ཡིན་པ་གསུངས་ཏེ་ཟས་བཅད་ངོ་རྒོལ་གནང་ནས་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཏེ་གཟའ་སྤེན་པའི་ཉིན་སྨན་ཁང་དུ་སྐྱེལ་དགོས་བྱུང་བའི་རྗེས་དེ་རིང་གཟའ་ཟླ་བའི་ཉིན་ཁྲིམས་ཁང་གིས་ཁོང་བཀག་ཉར་གྱི་དུས་བཀག་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་མ་བྱས་པར་མུ་མཐུད་ནས་བཀག་ཉར་ཁང་དུ་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱི་ལྕམ་དང་ཁོང་གི་བུ་དེ་བཞིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཀའོ་ཀྲེ་བིང་གི་ཕེབས་རོགས་འོག་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་ལ་གཟིགས་པར་ཕེབས་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་རྒྱུའི་སློབ་གསོ་བསྐྱོན་པའི་རྗེས་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཕྱི་ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་དེང་སྐབས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་བསྐོར་བྱེད་འཆར་ཡོད་པའི་དུས་བཀག་བར་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་རྒྱུ་མིན་པ་དང་ཡིན་ནའི་ཆུ་བཞེས་རྒྱུ་ཁས་ལེན་གནང་ཡོད་པ་རེད། སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་མུ་མཐུད་བཀག་ཉར་བྱེད་མིན་ཐོག་ཁྲིམས་དཔོན་ཚོས་གྲོས་མོལ་བྱས་པ་བརྒྱུད་ཁོང་བཀག་ཉར་མཚམས་འཇོག་བྱ་རྒྱུའི་ཆ་རྐྱེན་ཚང་གི་མེད་ལུགས་ཀྱིས་རྒྱུ་མཚན་ཐོག་ནས་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་དྲུག་ནས་བཟུང་མུ་མཐུད་ཟླ་བ་གཉིས་རིང་བཀག་ཉར་བྱ་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org