ཐའེ་ལྦན་གྱི་སྲིད་འཛིན་ཟུར་པས་རྒྱ་ནག་ལ་ངོ་རྒོལ་གནང་རྒྱུ།

རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དེའི་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་མཉམ་ཞུགས་གནང་རྒྱུའི་ཐག་གཅོད་གནང་འདུག

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཤུཡི་པན་གྱི་ཐོག་དཔལ་འབྱོར་ལྐོག་བཟས་ཀྱི་གྱོད་གཞི་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་གཟའ་འཁོར་རྗེས་མ་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དེའི་ནང་མཉམ་ཞུགས་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག

ཐའེ་ལྦན་མང་གཙོ་ཡར་ཐོན་ཚོགས་པས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་གྱི་འབྲེལ་ལམ་རྒྱ་སྐྱེད་འགྲོ་བཞིན་པ་དེས་ཐའེ་ལྦན་རང་དབང་གི་གནས་བབ་དང་བདེ་འཇགས་ཀྱི་གནས་བབ་ལ་ཉེན་ཁ་བཟོ་བཞིན་ཡོད་ལུགས་བརྗོད་སྟེ་གཟའ་འཁོར་རྗེས་མར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་ལ་དེ་མཚུངས་རྒྱ་ནག་སྐམ་ས་ཆེན་པོའི་ཐའེ་ལྦན་ལས་དོན་ཐད་ཀྱི་འགན་འཛིན་གྲན་ཡུ་ལིན་ཐའེ་ལྦན་དུ་ཕེབས་འཆར་ཡོད་པ་དེའི་ཐོག་ལ་ཡང་ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད་

གཟའ་སྤེན་པའི་ཉིན་ཐའེ་ལྦན་ལྷོ་ཕྱོགས་སུ་ཡོད་པའི་ཁྲི་ཡ་དབྱི་རྫོང་དུ་མང་གཙོ་ཡར་ཐོན་ཚོགས་པའི་རྒྱབ་སྐྱོར་བའི་འདུ་འཛོམས་ཤིག་གི་སར་སྐུ་ཞབས་གྲན་ཤུཡི་པན་གྱིས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་ཁྱེད་ཚོས་གྲན་ཡུ་ལིན་ཐའེ་ལྦན་དུ་ཡོང་མི་དགོས་པའི་ངོ་རྒོལ་འབོད་ཚིགས་སྒྲོགས་པའི་ཉིན་ང་རང་ཡང་ཁྱེད་ཚོའི་ལས་འགུལ་གྱི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་ད་དུང་ཁོང་གིས་གྲན་ཡུ་ལིན་ཐའེ་ལྦན་དུ་ཡོང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དུ་ང་ཐའེ་ལྦན་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱ་རྒྱུ་དེ་ཡིན་པ་རེད་ ངའི་ཐོག་ཁྲིམས་བཤེར་བྱ་རྒྱུར་གོ་མིང་ཏང་དང་དམར་ཤོག་ཚོགས་པ་གཉིས་ལག་འབྲེལ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཇོས་རྒྱ་ནག་ཐོག་གྲོགས་པོའི་འབྲེལ་ལམ་གྱི་སྲིད་བྱུས་ལག་བསྟར་གནང་འགོ་བཙུགས་པ་ནས་བཟུང་མཚོ་སྒག་ཕན་ཚུན་དབར་གྱི་ཛ་དྲག་གི་ཚོར་བ་དེ་ཤུགས་ཆུང་དུ་ཕྱིན་ཡོདཔ་རེད་ སྲིད་འཛིན་ཟུར་པ་གྲན་ཤུཡི་པན་དང་ཁོང་གི་སྐུ་ཟླ་དང་བུ་དེ་བཞིན་ཁོང་གི་བོུའི་བཟའ་ཟླ་བཅས་ཀྱི་ཐོག་དཔལ་འབྱོར་ལྐོག་བཟས་བྱས་པའི་ནག་ཉེས་ཕོག་སྟེ་ཁྲིམས་བཤེར་གྱི་ལས་དོན་འགྲོ་མུས་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org