ཐའེ་ལྦན་དམངས་གཙོ་ཚོགས་པས་སྲིད་དབང་ལེན་ཐབས་བྱེད་རྒྱུ།

ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོས་སྲིད་དབང་བསྐྱར་དུ་གོ་མིང་ཏང་ཚོགས་པ་ནས་ལེན་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

༄༅༎ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་བསྐྱོད་གནང་མཁན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་གསར་པས་རེས་གཟའ་ཉི་མའི་ཉིན་ཁོང་གི་ཚོགས་པའི་ངོས་ནས་ཐའེ་ལྦན་གྱི་སྲིད་དབང་བསྐྱར་དུ་གོ་མིང་ཏང་ཚོགས་པ་ནས་ལེན་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

ཐའེ་ལྦན་གོ་མིང་ཏང་ལ་འདི་ལོའི་གྲོས་ཚོགས་ཀྱི་འཐུས་མིའི་གྲངས་མང་གི་རྒྱལ་ཁ་ཐོབ་པ་དང་གོ་མིང་ཏང་གི་ཚོགས་གཙོ་མ་དབྱིང་ཅུ་ཡིས་འདི་ལོའི་སྲིད་འཛིན་གྱི་འོས་མིའི་ནང་ལངས་པའི་སྐབས་ཐའེ་ལྦན་གྱི་ད་བར་དཔལ་འབྱོར་ཉམས་རྒུད་ཕྱིན་པ་ཡར་རྒྱས་གཏོང་རྒྱུ་དང་ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོ་དང་ཚོང་འབྲེལ་འབྲེལ་ལམ་ཉེ་རུ་བཏང་སྟེ་ཐའེ་ལྦན་གྱི་དཔལ་འབྱོར་བསྐྱར་གསོ་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་པར་བརྟེན་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་མ་དབྱིང་ཅུ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཏེ་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་ཕམ་ཉེས་ཆེན་པོ་བྱུང་བ་མ་ཟད། སྲིད་འཛིན་གྱི་འོས་བསྡུ་ཡང་ཕམ་ཉེས་བྱུང་ཡོད་པ་རེད། ཡིན་ནའང་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པ་ནི་ཐའེ་ལྦན་དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཁ་བྲལ་གྱིས་རང་བཙན་གཙང་མ་འབད་བརྩོན་བྱེད་མཁན་ཞིག་ཡིན་ཞིང༌། རེས་གཟའ་ཉི་མའི་ཉིན་ཚོགས་པའི་ཕྱི་ལོ་༢༠༠༩ ལོའི་ས་གནས་འོས་བསྡུའི་ཆེད་དུ་དམངས་གཙོ་ཡར་རྒྱས་ཚོགས་པའི་འོས་མི་གསར་པ་འདེམས་ཕྱོགས་ཀྱི་ཟིན་བྲིས་ལྷན་ཚོགས་ཐོག་ཚོགས་གཙོ་གསར་པ་ ཀྲའེ་ཨིང་ལྦེན་ གྱིས་གསུང་དོན་ དེ་རིང་འདིར་སྲིད་འཛིན་ཟུར་པ་གྲན་ཧྲུ་བེན་དང་སྲིད་བློན་ཟུར་པ་གཙོས་པའི་ཚོགས་མི་ཚང་མ་འདུ་འཛོམས་བྱས་ཡོད་པ་དང་ང་ཚོ་ཚང་མའི་ངོས་ནས་ཁ་སྔོན་གྲོས་ཚོགས་དང་སྲིད་འཛིན་འོས་བསྡུ་ཕམ་ཉེས་བྱུང་བ་བཞིན་མུ་མཐུད་ནས་ཕན་ཉེས་ཡོང་རྒྱུར་འདོད་པ་མེད་པ་མཁྱེན་གསལ་རེད། དེར་བརྟེན་ང་ཚོས་ཆབ་སྲིད་ཀྱི་བཅོས་བསྒྱུར་བཏང་སྟེ་སྲིད་དབང་ཕྱིར་ལོག་ཡོང་རྒྱུའི་རྩོད་ལེན་བྱ་རྒྱུ་ཡིན་པ་དང་། ང་ཚོ་འདིར་སེམས་ཀྱི་རྨ་ཁར་སྨན་བཅོས་བྱེད་དུ་ཡོང་བ་མིན་ཞིང༌། ང་ཚོ་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་མི་རྣམས་ལ་ང་རང་ཚོ་འགྱེལ་ས་ནས་རང་རང་སོ་སོའི་རྐང་པའི་སྟེང་ལངས་དགོས་པའི་སྐུལ་ལྕག་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org