ཐེ་ཝན་སྲིད་འཛིན་ནས་ཨ་རིའི་ས་ཐོག་ཏུ་ཕེབས་ནས་དཔོན་རིགས་དང་མཇལ་མོལ།

ཐེ་ཝན་གྱི་སྲིད་འཛིན་མཆོག་ཨ་མི་རི་ཀའི་ནང་འཚམས་འདྲི་ལ་ཕེབས་ནས་ཐེ་ཝན་གྱི་སྲུང་སྐྱོབ་དང་བདེ་འཇགས་སྔར་བས་སྲ་བརྟན་ཡོང་ཐབས་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

ཨེ་ཨེཕ་པི།

དེ་ཡང་ཐེ་ཝན་སྲིད་འཛིན་གྱི་ད་རེས་ཨ་མི་རི་ཀའི་ནང་ཚོར་བ་རྣོ་བའི་འཚམས་འདྲིར་ཕེབས་ནས་དམངས་གཙོ་ལྡན་པའི་ཐེ་ཝན་སྔར་བས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ནི་འཛམ་གླིང་གི་བདེ་འཇགས་ཡིན་པའི་སྐོར་གཏམ་བཤད་གནང་འདུག 

ཐེ་ཝན་ཕྱོགས་ནས་སྲིད་འཛིན་ལྕམ་Tsai-Ing-wen ད་རེས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་འཚམས་འདྲི་ཕེབས་པ་དེ་ནི་རྒྱལ་ཁབ་གཞན་དུ་འཚམས་འདྲིར་ཕེབས་པའི་ཕེབས་ལམ་འཁེལ་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ལྕམ་Tsai-Ing-wen མཆོག་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་འབྱོར་གྱིས་དབུས་ཨ་མི་རི་ཀར་ཕེབས་ཐོན་མ་གནང་གོང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རེས་གཟའ་ལྷག་པ་དང་ཕུར་བུ་ཉིན་གཉིས་ཀྱི་མཛད་རིམ་ཆ་ཚང་ནང་མཉམ་ཞུགས་གནང་བ་མ་ཟད། རེས་གཟའ་ཕུར་བུའི་ཉིན་གྱི་མཛད་རིམ་ཚོགས་ཡུལ་དུ་གསར་འགོད་པ་གཅིག་ཀྱང་བཏང་མེད་པ་རེད།

རེས་གཟའ་ཕུར་བུའི་ཕྱི་དྲོ་ཁོང་གི་གཏམ་བཤད་གནང་ཡུལ་གྱི་མགྲོན་ཁང་གི་ཕྱི་ལ་རྒྱ་ནག་ལ་དགའ་མོས་བྱེད་མཁན་མི་བཅུ་གྲངས་འདུ་འཛོམས་ཀྱིས་རྒྱ་ནག་གཅིག་ཟེར་བ་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་ཡིག་ཆེན་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་རེད།

ཐེ་ཝན་སྲིད་འཛིན་མཆོག་གཟའ་འཁོར་རྗེས་མ་ཐེ་ཝན་དུ་ཕྱིར་ལོག་གནང་བའི་ཕེབས་ལམ་དུ་ཨ་རིའི་གྲོང་ཁྱེར་Los Angeles ལ་འབབ་ནས་སྲིད་འཛིན་དམ་པ་Ronald Reagan གྱི་དཔེ་མཛོད་ཁང་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་Kevin McCarthyམཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

ད་རེས་ཐེ་ཝན་སྲིད་འཛིན་གྱི་འཚམས་འདྲི་དེ་ནི། ཐེ་ཝན་ཐོག་ལ་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་བཏོན་རྒྱུ་དེ་ཐེ་ཝན་ལ་གལ་འགངས་ཆེན་པོ་ཞིག་ཡིན་པ་མ་ཟད།  དེ་ནི་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀར་གནད་འགག་ཞིག་ཡིན་ཞིང་། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་གི་མངའ་འོག་ས་ཁུལ་ཡིན་ཚུལ་བརྗོད་བཞིན་པ་དང་དེ་བཞིན་ཐེ་ཝན་དང་ཨ་མི་རི་ཀའི་དཔོན་རིགས་ཕན་ཚུན་གྱི་འབྲེལ་ལམ་བྱེད་བཞིན་པ་རྣམས་ཐེ་ཝན་གྱིས་བདག་དབང་སྲུང་སྐྱོབ་ཆེད་ཡིན་པ་ངོས་འཛིན་གྱིས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་ལ་སྡང་ཟུག་གི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ནས་གཟའ་འཁོར་རྗེས་མ་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་གནད་དོན་ཐད་དོ་སྣང་དང་ཁོང་ཁྲོ་བྱེད་བཞིན་ཡོད་པ་དང་། ཁོང་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ནི་ཨ་མི་རི་ཀའི་ས་ཐོག་ཏུ་ཨ་རི་དང་ཐེ་ཝན་གྱི་དཔོན་རིགས་དབར་མཇལ་འཕྲད་གནང་བའི་ནང་ནས་དཔོན་རིགས་མཐོ་ཤོས་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org