སྐུ་ཕུང་ཞུགས་འབུལ་བྱེད་པར་དམག་མིས་དམ་བསྒྲགས་བྱས་འདུག

ཉེ་ཆར་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་སུ་ཕྱིན་པའི་རྟ་མགྲིན་རྡོ་རྗེ་ཡི་སྐུ་ཕུང་དེ་རིང་ས་གནས་རྒྱ་ནག་གི་དམག་མིའི་དམ་བསྒྲགས་ཆེན་པོའི་འོག་བོད་མི་མང་པོ་འཛོམས་ནས་ཞུགས་འབུལ་བྱས་འདུག

2012.10.17

བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། དེ་རིང་སྟེ་ཚེས་༡༧ཉིན་གྱི་སྔ་དྲོར་ཚེས་༡༣ཉིན་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲིན་རྡོ་རྗེ་ཡི་སྐུ་ཕུང་གཙོད་གྲོང་ཁྱེར་གྱི་དུར་ཁྲོད་དུ་ཞུགས་འབུལ་གནང་ཡོད་ཀྱང་། སྐབས་དེར་དུར་ཁྲོད་ཀྱི་རི་སྒང་ཚང་མ་དམག་མིའི་སྐོར་ནས་སྲུང་ཡོད་པ་མ་ཟད། དེ་བཞིན་གཙོད་གྲོང་ཁྱེར་གྱི་སྲང་ལམ་ཁག་དང་། ལས་ཁུངས་སོ་སོའི་ཁང་པའི་ཀླད་ཐོག་ཏུ་དམག་མིས་རྒྱང་ཤེལ་སོགས་བཟུང་ནས་རྒྱང་བལྟ་བྱེད་བཞིན་བལྟ་སྲུང་བྱས་བ་དང་། ཉིན་གང་པོར་གྲོང་ཁྱེར་ནང་དམག་མི་འབོར་ཆེན་གྱིས་སྐོར་གཡེང་དམ་དྲག་བྱས་མིན་ལ་མ་བལྟོས་བར་བོད་མི་མང་པོ་ཁོང་གི་ནང་དང་། དུར་ཁྲོད་ལ་འཛོམས་ནས་མྱ་ངན་དང་བསྔོ་སྨོན་གསུངས་ཡོད་འདུག

དེ་བཞིན་ཚེས་༡༦ཉིན་གྱི་དགོང་མོ་ནས་གཙོད་གྲོང་ཁྱེར་མཐའ་འཁོར་གྱི་སྡེ་བ་ཚང་མའི་ནང་དམག་མི་བཅུ་བཅོ་ལྔ་རེ་བྱས་ནས་སྲུང་ཡོད་པ་དང་། ས་གནས་སུ་དམ་དྲག་ཉིན་རེར་ཇེ་ཆེར་འགྲོ་བཞིན་པ་བརྗོད་བྱུང་།

རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཟླ་བ་འདིའི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་མདོ་སྨད་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་དགུང་ལོ་༥༧ཡས་མས་དང་། སྐྱེས་ས་གཙོད་ཁ་སོག འབྲོང་ལྕེ་སྡེ་བའི་ཡིན་ཞིང་། རྗེ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཨ་མྱེས་ཡིན་འདུག དེ་མིན་རྟ་མགྲིན་རྡོ་རྗེ་དང་ཟླ་བ་འདིའི་ཚེས་༦ཉིན་རང་ལུས་མེར་བསྲེག་གིས་སྐུ་གྲོངས་པའི་སངས་རྒྱས་རྒྱ་མཚོ། ཡང་ད་ལོའི་ཕྱི་ཟླ་བརྒྱད་པའི་ནང་རང་ལུས་མེར་བསྲེག་གིས་སྐུ་གྲོངས་པའི་སྒྲོལ་དཀར་འཚོ་བཅས་གསུམ་པོ་ད་ལྟའི་ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་སྣ་བུག་ཞང་གི་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎