འཛམ་གླིང་ཡུལ་གྲུ་གང་སའི་གྲོས་ཚོགས་འཐུས་མིས་རྒྱ་ནག་ལ་སྐྱོན་བརྗོད།
2018.05.22
རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་སུ་ལོ་ ༥ དུས་བཀག་ཁྲིམས་ཐག་བཅད་པ་དེར་འཛམ་གླིང་ཡུལ་གྲུ་གང་སའི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཆེ་ཁག་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ Pier Antonio PANZERI མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་ནས་དེ་འདྲའི་ཉེས་ཆད་བཀེལ་བ་དེར་ཐུགས་ཚབས་ཡོད་སྐོར་གསུངས་པ་དང་། ཡང་ཁོང་གི་ལས་ཁུངས་ཀྱི་འགན་འཁུར་བ་ Francisco Georgia ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བཀྲིས་དབང་ཕྱུག་གིས་འཐབ་རྩོད་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ནང་དུ་བཀུར་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་ཆ་རྐྱེན་ཞིག་རེད་ཅེས་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཚོར་གཞི་རིམ་གྱི་ལྟ་གྲུབ་ལ་བརྩིས་ནས་ཁྲིམས་གཏུགས་དེ་དག་དྲང་བདེན་དང་ཕྱི་གསལ། དོན་སྙིང་ལྡན་པ་ཞིག་ཡོང་བར་ཞུ་གཏུགས་རིམ་པའི་སྐབས་བསམ་བཞེས་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
སྤྱིར་བཏང་ཡོ་རོབ་གྲོས་ཚོགས་ངོས་ནས་འདི་ལོའི་ཕྱི་ཟླ་ ༡ པའི་ཚེས་ ༡༨ ཉིན་བཀྲིས་དབང་ཕྱུག་ལགས་གློད་གྲོལ་དགོས་པའི་འབོད་སྐུལ་གྱི་གྲོས་ཆོད་ཅིག་ཀྱང་གཏན་འབེབས་གནང་ཡོད་པ་རེད།
ཕྱོགས་མཚུངས་ཀེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Garnett Genius ལགས་ཀྱིས། བོད་ཀྱི་སྐད་ཡིག་དེ་ནི་ཉེན་ཁའི་འོག་གནས་ཡོད་པ་ཤེས་རྟོགས་ཡོད་ཅེས་དང་། བཀྲིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་ཡོད་པ་གསུངས་པ་དང་སྦྲགས། ཉེ་ཆར་ཀེ་ན་ཌའི་གྲོས་ཚོགས་ཀྱི་ནང་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་མི་སྣ་ཚོས་རྒྱ་སྐད་ལས་བོད་སྐད་མ་བརྒྱབ་པ་དེ་ནི་བོད་སྐད་ཀྱི་ནུས་པ་ཆུང་དུ་གཏོང་རྒྱུའི་སྲིད་ཇུས་ཤིག་ཡིན་པའི་མངོན་རྟགས་ཤིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ James Zimmerman ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཞལ་པར་ཐོག་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་ཆད་ཐད་ལ་བློ་ཕམ་ཡོད་པ་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ནག་ཉེས་ར་འཕྲོད་མ་བྱུང་གི་བར་དུ་གློད་དགོས་ཀྱི་རེད་གསུངས་སོང་།
ཡང་འདིའི་ཐད་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གསུངས་ན། ལོ་ལྔ་མ་དགོས་ཟླ་བ་ལྔ་ཡིན་ཡང་ཁྲིམས་ཐག་དེ་འདྲ་བཅད་དགོས་ཡག་ཡོད་མ་རེད་གསུངས་ཡོད་པ་རེད། དོན་གྲུབ་དབང་ཆེན་ལགས་ནི་འཇིགས་བྲལ་ཞེས་པ་བོད་ནང་གི་དངོས་བྱུང་གློག་བརྙན་ཞིག་བཟོས་པའི་ནག་ཉེས་འོག་ལོ་དྲུག་རིང་བཙོན་འཇུག་བྱས་མཐར། སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིར་གསང་ཐབས་ཀྱི་བྲོས་བྱོལ་དུ་ཕེབས་ཡོད་པ་རེད།
ཡང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆགས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་འགན་འཛིན་Sophie Richardson ལགས་ཀྱིས་རྒྱ་ནག་ཁྲིམས་ཁང་གི་ཐག་གཅོད་དེ་ནི་ཧོན་ཐོར་ཡག་གི་གནས་ཚུལ་ཞིག་ཡིན་པ་གསུངས་པ་དང་། ཁོང་གིས། བཀྲིས་དབང་ཕྱུག་གི་ལས་དོན་དེ་ནི་དངོས་འབྲེལ་བྱེད་ན་རྒྱ་ནག་གཞུང་ལ་ཀུན་སློང་འཕེལ་བ་དང་བློ་སྤོབས་སྐྲུན་གཞི་ཞིག་རེད་ཅེས་དང་། འོན་ཀྱང་ཐག་གཅོད་འདི་ནི་གྲངས་ཉུང་མི་རིགས་ཀྱི་རང་དབང་སྲུང་སྐྱོབ་བྱ་རྒྱུ་ལས་ལྡོག་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ PEN རྩོམ་པ་པོའི་སྨྱུ་གུའི་མཐུན་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལས་འཆར་དོ་དམ་པ་ James Tager ལགས་ཀྱིས་གསུངས་ན། བཀྲིས་དབང་ཕྱུག་ལགས་སུ་ཉིན་གཅིག་ཡིན་རུང་བཀག་བསྐྱིལ་བྱེད་རྒྱུ་ཡོད་མ་རེད་ཅེས་དང་ད་རེས་ཀྱི་ཁྲིམས་ཐག་དེ་ནི་དྲང་བདེན་མ་ཡིན་པའི་སྡོམ་ཚིག་ཆིག་ཆགས་པ་རེད་ཅེས་གསུངས་ཀྱི་འདུག ཁོང་གིས་ད་དུང་། རྒྱ་ནག་གི་ལངས་ཕྱོགས་འདི་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་གང་གི་ཆ་ནས་འགལ་བ་ཆགས་སྟབས། བཀྲིས་དབང་ཕྱུག་ལགས་ཕྲལ་དུ་གློད་དགོས་པའི་འབོད་སྐུལ་གནང་སོང་།
རྩ་བའི་བཀྲིས་དབང་ཕྱུག་ལགས་ཀྱིས་ ༢༠༡༦ ཟླ་ ༡ ནང་ནིའུ་ཡོག་དུས་བབ་གསར་ཁང་ལ་བོད་ནང་གི་སྐད་ཡིག་ཤེས་ཡོན་ལམ་ལུགས་བཅས་སོགས་ཀྱི་ཐད་ལ་བཀའ་མོལ་གནང་བར་བརྟེན། རྒྱལ་ཁབ་ཁ་བྲལ་ཟེར་བའི་མིང་བྱང་འོག་འཛིན་བཟུང་གིས་ལོ་གཉིས་ལྷག་དོ་དམ་འོག་བཞག་པ་དང་། ཁ་སང་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཡུ་ཤུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།།
གནས་ཚུལ་བཅར་འདྲི་དང་ཕབ་སྒྱུར་གྱི་ཕྱོགས་སྒྲིག་ཞུ་མཁན་གསར་འགོད་པ་བཀྲིས་དབང་ཕྱུག་ཡིན།