རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པའི་བོད་མི་༢ལ་སེམས་འཚབ།

རྒྱ་ནག་གཞུང་གིས་སྲོག་ཐོག་ཁྲིམས་ཐག་བཅད་པའི་བོད་མི་གཉིས་འཆི་གསོན་གནས་སྟངས་ཛ་དྲག་ཐོག་ཡོད་པར་སེམས་འཚབ་ཆེན་པོ་ཡོད་པ།

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཟླ་བ་སྔོན་མ་རྒྱ་ནག་གཞུང་གིས་སྲོག་ཐོག་ཁྲིམས་ཐག་བཅད་པའི་བོད་མི་གཉིས་འཆི་གསོན་གནས་སྟངས་ཛ་དྲག་ཐོག་ཡོད་པར་སེམས་འཚབ་ཆེན་པོ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་ཚེས་བཅུ་དྲུག་ཉིན་ཕྱིར་བསྒྲགས་གནང་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བློ་བཟང་རྒྱལ་མཚན་ལགས་དང་ལོ་ཡག་ལགས་གཉིས་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང་བསྟན་འཛིན་ཕུན་ཚོགས་ལག་དང་རྐང་བཙུགས་ལགས་གཉིས་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུ།དེ་མིན་ཟླ་བ་བཟང་པོ་ལགས་ཚེ་གང་བཙོན་འཇུག་བྱེད་རྒྱུའི་འདྲི་བ་དང་པོའི་ཁྲིམས་ཐག་བཅད་དེ་ད་བར་ཉིན་གྲངས་སུམ་སུ་སོ་བརྒྱད་སོང་ཟིན་པ་དང་རྒྱ་ནག་གི་ཁྲིམས་ལུགས་ལྟར་ན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བདུན་ཕྲག་དྲུག་ནང་ཚུད་དུ་གྱོད་དོན་ལ་ཞིབ་བཤེར་ཐག་གཅོད་ཀྱིས་བཀའ་ཁྲོལ་མར་གཏོང་དགོས་པས་བོད་མི་སྲོག་ཐོག་གི་ཉེས་ཆད་ཕོག་མི་གཉིས་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཅན་དུ་གྱུར་ཡོད་ཅེས་དང་ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་འཐུས་མིའི་རྒྱལ་ཁབ་ཏུ་རྒྱ་ནག་བསྐྱར་དུ་འོས་འདེམས་བྱུང་ཡོད་པ་དང་དེའི་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་ནས་ཕྱི་ལོ་ཉིས་སྟོང་དགུ་དང་ཉིས་སྟོང་བཅུ་ལོའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་ཞེས་པ་རྒྱལ་ཚོགས་ལ་ཕུལ་ཡོད་པ་དང་འཆར་གཞིའི་འབྲུ་དོན་ལག་བསྟར་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད་པས་འཆར་གཞིའི་དོན་ཚན་གཉིས་པའི་ནང་སྤྱི་དམངས་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་འགན་ལེན་བྱ་རྒྱུ་ཞེས་པའི་ནང་སྲོག་ཁྲིམས་གཅོད་རྒྱུར་ཚོད་འཛིན་ནན་པོ་བྱེད་རྒྱུ་དང་སྲོག་ཁྲིམས་འདྲི་བ་འགྲོ་ལུགས་ལ་ཟབ་ནན་དང་སྲོག་ཁྲིམས་བསྐྱར་ཞིབ་འགྲོ་ལུགས་འཐུས་ཚང་འདྲི་བ་ཕྱི་གསལ་ནང་གསལ་བྱ་རྒྱུ་སོགས་འཁོད་ཡོད་པར་བརྟེན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་བ་དང་པོའི་ཁྲིམས་ཐག་དེ་བཞིན་ཁྲིམས་ལུགས་ཀྱི་འགྲོ་ལུགས་དང་མཐུན་གྱི་མེད་སྟབས་ཁྲིམས་བཤེར་བསྐྱར་དུ་བྱ་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་འབྲེལ་རྒྱལ་སྤྱིའི་ཡུལ་གྲུ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དོན་ཚན་ཁས་ལེན་གནང་བ་བཞིན་རྒྱ་ནག་གཞུང་གིས་སྲོག་ཁྲིམ་ལག་བསྟར་བྱེད་རྒྱུ་ཕྱིར་བསྡུ་དང་གོང་ཞུས་བོད་མི་ཚོའི་ཁྲིམས་ཆད་ལ་འགྱུར་བ་ཡོང་རྒྱུའི་སྐུལ་མ་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org