༧གོང་ས་མཆོག་གི་ཉིན་གསུམ་གྱི་གསུང་ཆོས་ལེགས་པར་གྲུབ།
ཆོས་འབྲེལ་སྐབས་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནས་དད་ལྡན་ཆོས་ཞུ་བ་༤༠༠ ཙམ་དང་། ཕྱི་རྒྱལ་ཡུལ་གྲུ་༥༧ ནས་ཁྱོན་མི་གྲངས༨༩༢ བརྒལ་བ། དེ་བཞིན་བོད་མི་བཅས་ཁྱོན་མི་གྲངས་༥༠༠༠ བརྒལ་བ་ཕེབས་འདུག
-
2012-09-06 -
-
-
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ཁག་ཅིག་གིས་ཇི་ལྟར་གསོལ་བ་ལྟར། ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ བར་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ཞུ་བ་ལྷོ་ཤར་ཨེ་ཤ་ཡ་གཙོ་བོ་གྱུར་པའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་སྔ་ལོའི་འཕྲོས་ཀྱི་ལེའུ་ལྔ་པ་ནས་དབུ་འཛུགས་མཛད་ཡོད།
ཆོས་འབྲེལ་སྐབས་བོད་ནས་གསར་དུ་འབྱོར་བ་ཁག་ཅིག་ཡོད་པ་རྣམས་ལ་གཟིགས་ནས་བཀའ་སློབ་གནང་སྐབས། ཁྱེད་རང་ཚོར་ཆ་བཞག་ན་ནང་ཆོས་ངོ་སྤྲོད་ཀྱི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞེ་དྲགས་མེད། དེ་རིང་ཆོས་འབྲེལ་བྱ་རྒྱུའི་དུས་ཚོད་འཁེལ་བ་ཡག་པོ་བྱུང་ཡོད། དེར་བརྟེན་ཁྱེད་རང་ཚོས་གཟབ་ནན་གྱིས་ཉན་དགོས། ཞེས་དང་། སྐབས་དེར་༧གོང་ས་མཆོག་གིས་ད་དུང་། སངས་རྒྱས་པའི་ཆོས་ཡོངས་གྲགས་བྱས་ན། ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཙམ་གོང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་ཕེབས་ནས་རིམ་པས་ཆོས་ཀྱི་འཁོར་ལོ་བསྐོར་གནང་བ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། འདས་པའི་ལོ་སྟོང་ཕྲག་གཉིས་གསུམ་གོང་ནས་བྱུང་བའི་ཆོས་བརྒྱུད་གཙོ་ཆེ་མང་པོ་ཞིག་དུས་ད་ལྟའང་འཛམ་གླིང་ཐོག་གི་མི་མང་པོའི་སེམས་ཀྱི་རེ་བ་བཅོལ་ས་ཆགས་ཡོད། སྤྱིར་བཏང་ཆོས་ཞེས་པ་འདི་མི་ལ་དཀའ་ངལ་འཕྲད་དེ་སོ་སོས་ཐབས་ཤེས་མ་ཐུབ་པའི་ཛ་དྲག་གི་སྐབས་སུ་རེ་བ་བཅོལ་ས་ཞིག་ཡོང་གི་ཡོད། ཆོས་ལུགས་ཀྱི་ནང་རང་ལས་ནུས་པ་ཆེ་བའི་སྐྱབས་གནས་ཤིག་ཡོད་པར་བརྩིས་ཏེ། མ་མཐར་སོ་སོའི་བློ་གཏད་བཅོལ་ས་ཡུལ་ལྷ་གཞི་བདག་ཟེར་བའི་ལྷ་གསོལ་བྱ་རྒྱུ་ཡོང་གི་ཡོད།
དེར་བརྟེན་ཆོས་ཀྱི་དགོས་དོན་ནི་མིའི་བདེ་སྐྱིད་སྒྲུབ་རྒྱུ་དེ་རེད་འདུག ཅེས་སོགས་བཀའ་སློབ་བསྩལ་ཡོད། འདི་རིང་ཆོས་འབྲེལ་གྱི་ཉིན་ཐ་མའི་ཐོག ཁྱིམ་པ་ཕོ་མོ་དོན་གཉེར་ཅན་རྣམས་ལ་དགེ་བསྙེན་གྱི་བསླབ་སྡོམ་བསྩལ་ཞིང་། དེ་རྗེས་སྨོན་སེམས་ཆོ་གས་བཟུང་སྟེ་བྱང་ཆུབ་སེམས་པའི་སྡོམ་པ་དང་། ༸གོང་ས་ལྔ་པ་ཆེནཔོའི་དག་སྣང་སྒྲོལ་མའི་རྗེས་སྣང་བཅས་བཀའ་དྲིན་བསྩལ་ཡོད་པ་རེད། །