རྒྱ་ནག་ཉེན་རྟོག་པས་བྲག་འགོ་རྫོང་དགོན་གྲོང་གཉིས་ནས་བོད་མི་བཅུ་ལྷག་འཛིན་བཟུང་དང་མནར་གཅོད་བརྡུང་རྡེག་ཤུགས་ཆེན་གཏོང་བཞིན་ཡོད་འདུག
དགེ་འདུན་པ་ཚོར་གནས་ཚུལ་ཕྱི་ཕྱོགས་སུ་སྤྲད་ཡོད་པའི་ཉེས་འགེལ་འོག་འབོད་འགུག་གིས་ཀློག་གླད་ངོས་ནས་ཁྱེད་ཚོས་སྐད་འཕྲིན་ནང་དུ་སྐད་ཆ་ག་རེ་བཤད་པ་དང་པར་རིས་ག་རེ་བསྐུར་སོགས་གསལ་བོ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཙན་ཁྲིད་བྱས་པ།
- 2022-01-07
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༡ལོའི་ལོ་མཇུག་ནང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་གཙོས་ཡུལ་དེའི་ནང་དམ་དྲག་དང་ལྟ་རྟོག་ཤུགས་ཆེན་བྱེད་བཞིན་ཡོད་པ་བཞིན། སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་རྗེས་ཡུལ་དེའི་དགའ་ལྡན་རྣམ་རྒྱལ་གླིང་དགོན་གྲོང་གཉིས་ནས་བོད་མི་༡༡ཙམ་འཛིན་བཟུང་བཙན་ཁྲིད་ཀྱིས། དགེ་འདུན་པ་ཚོར་གནས་ཚུལ་ཕྱི་ཕྱོགས་སུ་སྤྲད་ཡོད་པའི་ཉེས་འགེལ་འོག་འབོད་འགུག་གིས་ཀློག་གླད་ངོས་ནས་ཁྱེད་ཚོས་སྐད་འཕྲིན་ནང་དུ་སྐད་ཆ་ག་རེ་བཤད་པ་དང་པར་རིས་ག་རེ་བསྐུར་སོགས་གསལ་བོ་ཡོད་སྐོར་བརྗོད་ནས། བརྡུང་རྡེག་འཇིགས་སྐུལ་དང་ཟ་མ་མི་སྤྲོད་པར་མནར་གཅོད་གཏོང་བ་སོགས་བྱས་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་ཡུལ་མི་འཛིན་བཟུང་བྱས་པའི་ཁྲོད་ཤེས་རྟོག་བྱུང་བ། ལྷ་མོ་དབྱངས་སྐྱིད་དང་ཚེ་རིང་བསམ་འགྲུབ་བཅས་ཁྱོན་དྲུག་ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་སྐུ་བརྙན་གཏོར་བཤིག་མ་བཏང་སྔོན་གྱི་ཉིན་གྲངས་ཁ་ཤས་སྔོན་ནས་རྒྱ་ནག་ཉེན་རྟོག་པས་བྲག་འགོ་དགོན་པའི་མཁན་པོ་དཔལ་དགའ་དང་། ཕྱག་མཛོད་ཉི་མ། དགེ་འདུན་པ་བཀྲ་ཤིས་རྡོ་རྗེ་ལགས་དང་ཉི་མ་སོགས་ལ་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བྲག་འགོ་རྫོང་ཐོག་ལ་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་མ་ཟད། དེ་དག་ལས་དགེ་འདུན་པ་གཅིག་ལ་བརྡུང་རྡེག་གིས་མིག་ཡ་གཅིག་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་དང་། ཡུལ་མི་ཚོར་རྣམ་འགྱུར་ཡག་པོ་མེད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཏེ་གྱོན་ཆས་སོགས་གང་ཡང་མེད་པར་དགུན་འཁྱགས་ནང་ཡར་ལངས་བཅུག་སྟེ་ཡུན་རིང་བཞག་ནས་མནར་གཅོད་རིགས་བཏང་ཡོད་སྐོར་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་ཉེ་སྔོན་ཡུལ་དེའི་ནང་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་རྗེས་སྔར་ལས་དམ་དྲག་བྱེད་བཞིན་ཡོད་པ་དང་། མཐའ་ན་བོད་མི་ཚོར་སྡོད་ཁང་སྒོ་ཁར་དར་ལྕོག་འཛུགས་མི་ཆོག་པ་དང་། བསང་ཁྲི་གཏོར་བཤིག་གཏོང་དགོས་པ་སོགས་ཀྱི་བཙན་བཀའ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་ཉེན་རྟོག་པས་ས་གནས་གྲོང་སྡེ་ཁག་ཏུ་མྱུལ་ཞིབ་ཀྱིས་རྣམ་འགྱུར་ཡག་པོ་མེད་སྐོར་བརྗོད་ནས། བོད་མི་ཚོ་གང་བྱུང་འཛིན་བཟུང་གིས་བཅར་བརྡུང་མནར་གཅོད་ཤུགས་ཆེར་གཏོང་སྟེ་དྲན་མེད་དུ་བརྒྱལ་བ་དང་། དགུན་འཁྱགས་ནང་ཡར་ལངས་བཅུག་སྟེ་ལུས་སྟེང་དུ་ཆུ་གྲང་མོ་བཤོས་སྟེ་ཡུན་རིང་བཞག་ནས་མནར་གཅོད་རིགས་བཏང་རྗེས། རྒྱུ་མཚན་གསལ་ཁ་གང་ཡང་མེད་པར་ཀློད་གྲོལ་བཏང་བ་སོགས་བྱུང་བཞིན་ཡོད་སྐོར་བརྗོད་བྱུང་།
ཉེ་སྔོན་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་ཡོད་པའི་སྟོན་པའི་སྐུ་བརྙན་དང་ཉེ་འཁོར་དུ་ཡོད་པའི་མ་ཎི་འཁོར་ལོ་བཅས་གཏོར་བཤིག་བཏང་རྗེས། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་ལྷག་པར་དུ་བྲག་འགོ་དགོན་དགའ་ལྡན་རྣམ་རྒྱལ་གླིང་གི་དགེ་འདུན་པ་ཚོས་དྲ་ལམ་དུ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་བཞིན་ཡོད་མེད་ཐད་ནས་རྟོག་ཞིབ་སོགས་བྱས་ཡོད་པ་མ་ཟད། སྐུ་བརྙན་གཏོར་བཤིག་གཏོང་སྐབས་དགོན་པའི་དགེ་འདུན་པ་དང་ཆུ་དབར་གྲོང་སྡེའི་ཡུལ་མི་ཚོར་དངོས་སུ་ལྟ་བཅུག་པ་དང། གྲོང་སྡེ་གཞན་གྱི་ཡུལ་མི་ཚོར་ལྟ་རྟོག་དང་གཏོར་བཤིག་ཁྲོད་བཙན་ཐབས་ཀྱིས་ཞུགས་བཅུག་པ་སོགས། རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་སྟངས་གཅིག་པ་ལྟ་བུ་བྱེད་བཞིན་ཡོད་སྐོར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།