སློབ་ཕྲུག་བསྟན་འཛིན་དགྲ་འདུལ་ལ་སྲིད་སྐྱོང་གི་སློབ་ཡོན་ཐོབ་པ།
སུ་ཇ་སློབ་གྲའི་སློབ་ཕྲུག་བསྟན་འཛིན་དགྲ་འདུལ་ལགས་སུ་ཕྱི་ལོ་༢༠༡༥ལོའི་སྲིད་སྐྱོང་གི་སློབ་ཡོན་འབུལ་རྒྱའི་གསལ་བསྒྲགས་གནང་འདུག
-
2015-06-01 -
-
-
སུ་ཇ་སློབ་གྲའི་སློབ་ཕྲུག་བསྟན་འཛིན་དགྲ་འདུལ་ལགས་སུ་ཕྱི་ལོ་༢༠༡༥ལོའི་སྲིད་སྐྱོང་གི་སློབ་ཡོན་འབུལ་རྒྱའི་གསལ་བསྒྲགས་གནང་འདུག
དེ་ཡང་སྤྱི་ཟླ་༦ཚེས་༡ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་པའི་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་འཚམས་འདྲིའི་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་བཀའ་ཤག་གི་ཚོགས་ཁང་འོག་མའི་ནང་། སྲིད་སྐྱོང་མཆོག་དང་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་ལགས་བཅས་ལྷན་བཞུགས་ཐོག་༢༠༡༥ལོའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་སུ་ཇ་བོད་ཁྱིམ་གྱི་སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ལ་ཐོབ་པ་གསལ་བསྒྲགས་གནང་ཡོད་པ་རེད།
ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བཅུ་བདུན་གྱི་སློབ་ཕྲུག་༡༤༣༨མཉམ་བཞུགས་གནང་ཡོད་པ་ལྟར། བོད་པའི་སློབ་ཕྲུག་ནང་ནས་ཡིག་རྒྱུགས་ཨང་དང་པོ་ཐོབ་མཁན་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་སུ་སྲིད་སྐྱོང་གི་སློབ་ཡོན་འབུལ་རྒྱུ་ཐག་གཅོད་བྱུང་བའི་སྐོར་ཕྱི་ཚེས་༢༨ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་སློབ་གྲར་༧གོང་ས་མཆོག་དབུ་བཞུགས་ཐོག་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་སྐབས། ཤེས་ཡོན་དང་འབྲེལ་བའི་སྐོར་ལ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕྱིར་བསྒྲགས་གནང་ཡོད་འདུག སྤྱིར་སྲིད་སྐྱོང་གི་སློབ་ཡོན་དེ་བཞིན་ཡིག་རྒྱུགས་ནང་སློབ་ཚན་ལྔ་བསྡོམས་པའི་གྲངས་འབོར་བརྒྱ་ཆ་དགུ་ཅུ་གོ་ལྔ་ཡན་ལོན་པའི་སློབ་མར་གནང་གི་ཡོད་པ་དང་། ཡིན་ནའི་ད་རེས་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་མའི་ནང་ནས་ཨང་དང་པོ་ཐོབ་ནས་སློབ་ཚན་ལྔའི་ཡིག་རྒྱུགས་ཀྱི་བསྡོམས་གྲངས་བརྒྱ་ཆ་དགུ་ཅུ་གོ་ལྔ་ལོན་གྱི་ཡོད་ན་ཡང་སྲིད་སྐྱོང་གི་སློབ་ཡོན་ཚད་གཞིའི་ཆ་རྐྱེན་ནང་བོད་ཡིག་དང་། དབྱིན་ཡིག་སྐད་ཡིག་གཉིས་ཀྱི་ཡིག་རྒྱུགས་བརྒྱ་ཆ་༩༥ལོན་དགོས་ཀྱི་ཡོད་པས་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ཀྱི་སྐད་ཡིག་གཉིས་ཀྱི་ཡིག་རྒྱུགས་བརྒྱ་ཆ་གཏན་འབེབས་ཚད་གཞི་ལྟར་བྱུང་མེད་ཀྱང་ཤེས་རིག་ལས་ཁུངས་ཀྱིས་བོད་པའི་སློབ་ཕྲུག་ཚོར་མ་འོངས་མུ་མཐུད་སློབ་སྦྱོང་ཐོག་འབད་བརྩོན་ཡོང་རྒྱུར་དམིགས་ནས། སེམས་ཤུགས་སྤར་ཆེད་དུ་ད་ལོའི་སྲིད་སྐྱོང་གི་སློབ་ཡོན་དེ་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་སུ་འབུལ་རྒྱུའི་ཐག་གཅོད་བྱུང་བ་ཤེས་རིག་བཀའ་བློན་ནས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་རེའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་ཚན་ལྔ་བསྡོམས་ནས་བརྒྱ་ཆ་དགུ་ཅུ་གོ་ལྔ་ལོན་པའི་སློབ་མ་ཚོར་སྲིད་སྐྱོང་གི་སློབ་ཡོན་ཞེས་པ་ལོ་རེར་ཧིན་སྒོར་འབུམ་རེ་གནང་རྒྱུའི་གཏན་འབེབས་གནང་བའི་རྗེས་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་སྲིད་སྐྱོང་གི་སློབ་ཡོན་ཐོབ་མཁན་གྱི་སློབ་ཕྲུག་ཨང་གཉིས་པ་དེ་ཡིན་པ་རེད།
གསར་འགོད་པ་འཆི་མེད།