རྒྱ་ནག་གཞུང་གིས་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཚང་མའི་རྩིས་དངོས་རྫས་གསུམ་སློབ་ཚན་རྒྱ་ཡིག་ནང་བསྒྱུར་ཡོད་འདུག
ཡིག་ཆ་བརྡ་ཐོ་སོགས་གཞི་འཛིན་ས་གང་ཡང་ཡོངས་བསྒྲགས་མ་བྱས་པར་ཧ་ཅང་གསང་སྟབས་ངང་ལག་བསྟར་བྱས་ཡོད་པ།
- 2023-10-11
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༩ པའི་ནང་བོད་ནང་གི་རྔ་བ་ཁུལ་གྱི་བོད་རིགས་སློབ་གྲྭ་ཆུང་འབྲིང་ཚང་མའི་བོད་ཡིག་གི་ལམ་ནས་ཁྲིད་བཞིན་པའི་རྩིས་དངོས་རྫས་གསུམ་གྱི་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭ་ཁག་ཏུ་བོད་ཡིག་དེ་སྐད་ཡིག་རང་གི་ངོ་བོ་ཙམ་ལ་བཟོས་ཡོད་པ་དང་། ཕྱི་ཟླ་༩པའི་སློབ་མགོ་ཚུགས་སྐབས་ནས་འཛིན་གྲྭ་ཚང་མར་རྒྱ་ཡིག་གི་སློབ་ཚན་བགོ་འགྲེམས་བྱས་ཡོད་ཀྱང་། སློབ་ཕྲུག་དང་ཕ་མ་ཚོར་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། སློབ་གྲྭས་ངོས་ནས་དགེ་རྒན་ཚོར་ཚོགས་འདུ་ཤིག་ཚོགས་ནས་རྒྱ་ཡིག་ལག་བསྟར་དགོས་སྐོར་བརྗོད་ནས། ཡིག་ཆ་བརྡ་ཐོ་སོགས་གཞི་འཛིན་ས་གང་ཡང་ཡོངས་བསྒྲགས་མ་བྱས་པར་ཧ་ཅང་གསང་སྟབས་ངང་ལག་བསྟར་བྱས་ཡོད་པ། བོད་ནང་གི་དགེ་རྒན་དང་འབྲེལ་ཡོད་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། མཛོད་དགེ་རྫོང་ལྟ་བུར་མཚོན་ན། ད་ལྟའི་ཆར་བོད་ཁུལ་གྱི་བོད་ཡིག་གཙོ་ཁྲིད་ཡག་ཤོས་གྲས་ཡིན་ན་ཡང་། ཕྱི་ཟླ་༩པའི་ནང་གློ་བུར་དུ་དགེ་རྒན་དང་ལས་བྱེད་ཚོར་ཚོགས་འདུ་ཞིག་ཚོགས་ཏེ་གཞུང་གི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས། ཕྱི་ལོ་༢༠༢༣ལོ་གསར་དུ་ཞུགས་པའི་དམའ་འབྲིང་དང་པོའི་སློབ་ཚན་ཚང་མ་རྒྱ་ཡིག་གི་ཁྲིད་གཞི་ལ་བསྒྱུར་ཡོད་པ་དང་། ད་ལྟའི་ཆར་ཕྱི་ལོ་༢༠༢༡ལོར་གསར་བསྡུ་བྱས་པའི་དམའ་འབྲིང་འཛིན་གྲྭ་གཉིས་པ་དང་གསུམ་པ་གཉིས་ནང་མུ་མཐུད་སློབ་ཚན་ཚང་མ་དེ་སྔ་བཞིན་བོད་ཡིག་གིས་ཁྲིད་བཞིན་པ་འགྲེལ་བརྗོད་གནང་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྔ་བ་ཁུལ་སློབ་གསོ་ལས་ཁུངས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཀྱང་ཡ་ལན་གང་ཡང་བྱས་མ་སོང་།
ཕྱི་ལོ་༢༠༢༠ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ནང་དུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་ཁག་རྒྱ་ཡིག་གི་ལམ་ནས་ཁྲིད་རྒྱུའི་འགྱུར་བ་གཏོང་འཆར་བྱས་པར། ས་གནས་ཀྱི་ཤེས་ཡོན་པ་དང་དགེ་རྒན་མི་མང་བཅས་ནས་ངོ་རྒོལ་ཤུགས་ཆེར་བྱས་སྟབས། སྐབས་དེར་འགྱུར་བ་གཏོང་མ་ཐུབ་པར་རང་འཇགས་བཞག་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་ད་ལྟའི་ཆར་བོད་ཡིག་ལམ་ནས་རྩིས་དངོས་རྫས་གསུམ་སློབ་ཁྲིད་གནང་མཁན་དགེ་རྒན་ཚོའི་ལས་གནས་ཐད་དཀའ་ཁག་བྱུང་གི་ཡོད་པ་དང་། སློབ་ཚན་ཚང་མ་རྒྱ་ཡིག་ལ་སྒྱུར་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ཡིག་གཙོ་ཁྲིད་སློབ་གསོ་ལ་གྲུབ་འབྲས་མེད་པ་དང་། སློབ་མའི་རིག་རྩལ་དང་སྦྱང་འབྲས་སོགས་རྗེས་ལུས་ཡིན་པའི་གནད་དོན་མང་པོ་ཞིག་བཤད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་རྔ་བ་ཁུལ་གྱི་ཤེས་ཡོན་སློབ་གསོའི་སྐོར་གྱི་ཡིག་ཆར་གསལ་བ་ལྟར་ན། རྔ་བ་ཁུལ་ནང་ཕྱི་ལོ་༡༩༨༨ལོ་ནས་བཟུང་བོད་ཡིག་གཙོ་ཁྲིད་ཀྱི་གཞུང་གཉེར་སློབ་གྲྭ་ཆེད་འཛུགས་བྱེད་མགོ་ཚུགས་ཡོད་པ་དང་། དམིགས་བསལ་རྔ་བ་ཁུལ་མཛོད་དགེ་རྫོང་ནི་བོད་ཡིག་གཙོ་ཁྲིད་ཀྱི་ས་ཁུལ་དུ་ཡུན་རིང་གནས་ཡོད་པ་ལས། མཛོད་དགེ་རྫོང་གཅིག་པུའི་ནང་དུ་རྔ་བ་ཁུལ་བོད་ཡིག་སློབ་འབྲིང་དང་། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། བཞག་ལྡོམ་བོད་ཡིག་སློབ་འབྲིང་། གདོང་སྣེ་བོད་ཡིག་སློབ་འབྲིང་། ཆོས་རྗེས་བོད་ཡིག་སློབ་འབྲིང་དང་རྗེས་སུ་ཐང་སྐོར་བོད་ཡིག་འབྲིང་བཅས། སློབ་འབྲིང་དེ་དག་གིས་ད་བར་སློབ་ཚན་ཚང་མ་བོད་སྐད་ཡིག་ལམ་ནས་ཁྲིད་ཡོད་པ་རེད་འདུག་ལ། དེ་མིན་རྔ་བ་ཁུལ་ནང་བོད་ཡིག་གཙོ་ཁྲིད་ལག་བསྟར་བྱེད་བཞིན་པ་ཁྱུང་མཆུ་བོད་ཡིག་སློབ་འབྲིང་དང་། རྔ་བ་རྫོང་བོད་ཡིག་སློབ་འབྲིང་། འབར་ཁམས་མི་རིགས་དགེ་འོས་སློབ་འབྲིང་སོགས་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གི་རྩ་ཁྲིམས་ལྟར་ན། མི་རིགས་ས་གནས་རང་སྐྱོང་ཁུལ་དུ་སློབ་གྲྭ་ཁག་ནང་མི་རིགས་རང་གི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་དགོས་སྐོར་བཀོད་ཡོད་པ་རེད་ལ། དེ་སྔ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་བཅུ་གཉིས་ནང་། སློབ་གྲྭ་ཆུང་འབྲིང་ནང་རྒྱའི་སྐད་ཡིག་སློབ་གཞི་གཅིག་པུ་མ་གཏོགས། རྩིས་རིག་དང་རྫས་འགྱུར། དངོས་ཁམས་རིག་པ་དང་སྐྱེ་དངོས། ས་རྒྱུས་དང་ལོ་རྒྱུས། བསམ་བློ་ཆབ་སྲིད། བསམ་བློ་ཀུན་སྤྱོད་རིག་པ་སོགས་རང་བྱུང་དང་སྤྱི་ཚོགས་ཚན་རིག་ཁོངས་གཏོགས་ཀྱི་སློབ་ཚན་ཆ་ཚང་བོད་ཡིག་གི་ལམ་ནས་སློབ་ཁྲིད་ཀྱི་བྱེད་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།